ཟླ8པའི་ཚེས28ཉིན་གྱི་དགོང་མོར། “རྫ་ཆུ་དང་མེ་ཀུང་ཆུ་བོའི་འགོ་ཁུངས་ཀྱི་མཉམ་ལས་གླེང་མོལ”བྱེད་སྒོ་ཟི་ལིང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ། མེ་ཀུང་ཆུ་བོའི་འབབ་རྒྱུད་ཀྱི་རྒྱལ་ཁབ་ལྔའི་འཐུས་མི་དང་མཉམ་དུ་བྱེད་སྒོ་དངོས་སུ་འགོ་བརྩམས།
ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ཕྱི་ཕྱོགས་ཁྱབ་གདལ་ཅུས་ཀྱི་ཅུས་ཀྲང་ལི་ཀྲི་ཧུའེ་དང་། ཕྱི་འབྲེལ་པུའུ་ཡི་ཡ་གླིང་གི་བློ་འདོན་པ་ཝང་ཏི་ཞིན། ཀྲུང་གོ་གསར་འགྱུར་ཁང་གི་འགོ་གཙོ་ཁྲེན་ལུའུ་ཅུན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་གནས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་ལི་ཀྲུང་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོ་མཚོ་སྔོན་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་བཤད་རྒྱུར། ད་ལོ་ནི་རྫ་ཆུ་དང་མེ་ཀུང་ཆུ་བོའི་བར་དངོས་སུ་མཉམ་ལས་བྱས་ནས་ལོ་བཅུ་འཁོར་བའི་ལོ་ཡིན་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོང་ཆེན་གང་ལེགས་གནང་ནས། རྫ་ཆུ་དང་མེ་ཀུང་ཆུ་བོའི་འགྲམ་རྒྱུད་རྒྱལ་ཁབ་ཁག་གི་སྤེལ་རེས་མཉམ་ལས་ལ་དངོས་སུ་སྐུལ་འདེད་གནང་བ་དང་། རྒྱལ་ཁབ་དྲུག་གིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་། ལྗང་མདོག་སྐྱེ་ཁམས་མཉམ་དུ་གསོ་སྐྱོང་བྱེད་པ། བདེ་སྐྱིད་དམངས་འཚོ་མཉམ་སྐྲུན་བཅས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་ཆེད་མིག་དཔེ་བསྐྲུན་ཡོད། ལོ་བཅུའི་རིང་། མཚོ་སྔོན་གྱིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་ཚོར་ཡར་རྒྱས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་རྫ་ཆུ་དང་མེ་ཀུང་ཆུ་བོའི་སྒོ་འབྱེད་མཉམ་ལས་ལ་ཁ་ཕྱོགས་པའི་རང་འགུལ་གྱི་བྱ་སྤྱོད་དུ་བསྒྱུར་ནས། རང་ངོས་ཀྱི་འཕེལ་རྒྱས་དང་འབབ་རྒྱུད་ཀྱི་ལས་དབང་ཟུང་འབྲེལ་དམ་ཟབ་བྱས་ཡོད། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་སྔར་ལས་ཟབ་སྤེལ་གཏོང་བ། ལྗང་མདོག་ཐོན་ལས་མཉམ་ལས་སྔར་ལས་ཇེ་དམ་དུ་གཏོང་བ། གཞོན་ནུའི་བསམ་བློ་བརྗེ་རེས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། ཆུ་འགོའི་འགན་འཁྲི་ཁུར་ནས་འབབ་རྒྱུད་དར་རྒྱས་ཡོང་བར་ཞབས་འདེགས་ཞུས་པ་དང་མཐོ་སྒང་ལག་ལེན་ལ་བརྟེན་ནས་ལས་སྐལ་གཅིག་མཐུན་ར་སྤྲོད་བྱས་ཡོད། མཚོ་སྔོན་གྱིས་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་ལངས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གོ་ལ་ཧྲིལ་པོའི“གྲོས་འགོ་ཆེན་པོ་བཞི”མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། གཙང་པོའི་ཆུ་དྭངས་མོར་མཉམ་དུ་སྲུང་སྐྱོབ་དང་། འཕེལ་རྒྱས་ཀྱི་འཆར་གཞི་མཉམ་འགོད། དམངས་སེམས་ཀྱི་ཟམ་པ་མཉམ་སྐྲུན། དམངས་འཚོའི་བདེ་སྐྱིད་མཉམ་སྤྱོད་བཅས་བྱས་ཏེ། འབབ་རྒྱུད་ཀྱི་སྐྱེ་ཁམས་མཉམ་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་སོགས་མཉམ་ལས་ཀྱི་འགྲན་ལམ་གསར་པ་བསྐྲུན་པ། ཁྱད་ལྡན་ཞིང་ཕྱུགས་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ཏེ། མེ་ཀུང་ཆུ་བོའི་འབབ་རྒྱུད་ཀྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ། རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ཀྱི་མ་འོངས་པའི་ལོ་བཅུ་མཉམ་དུ་བསྐྲུན་དགོས།
ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས། རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ལོ་བཅུ་འཁོར་བའི་དུས་འདིར། ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་དུ།“རྫ་ཆུ་དང་མེ་ཀུང་ཆུ་བོའི་འགོ་ཁུངས་ཀྱི་མཉམ་ལས་གླེང་མོལ”བྱེད་སྒོ་སྤེལ་བ་འདི་ནི། ཀྲུའུ་ཞི་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འདུ་ཤེས་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། འགོ་ཁུངས་ནས་རྐང་ཚུགས་པ་དང་ས་ཁོངས་ཡོངས་ལ་ནུས་པ་བསྩལ་ཏེ། རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་འཚོལ་ཞིབ་གསར་རྐྱང་ཞིག་ཡིན། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། ཐེངས་འདིའི་འགོ་ཁུངས་ཀྱི་གླེང་མོལ་བྱེད་སྒོ་འདི་རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་དྲུག་འབྲེལ་མཐུད་བྱེད་པའི་སྦྲེལ་ཐག་གསར་པ་ཞིག་ཏུ་གྱུར་ནས། རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱ་རྒྱུར་གསོན་ཤུགས་གསར་པ་བསྩལ་ཏེ། རྒྱལ་ཁབ་དྲུག་གིས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར།
འགོ་རྩོམ་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཕྱི་ཕྱོགས་ཀྱི་འཐུས་མིས་མཛའ་མཐུན་གྲོང་ཁྱེར་མཉམ་སྐྲུན་དང་སྨྱན་སྦྱོར་སྒྲོག་སྤེལ། ལུས་རྩལ་སྦྱོང་བརྡར་སོགས་ཁྱབ་ཁོངས་ཐད་གཅིག་སྡུད་སྒོས་གན་རྒྱ་བཞག་པ་དང་། མེ་ཀུང་ཆུ་བོའི་འབབ་རྒྱུད་ཀྱི་རྒྱལ་ཁབ་ལྔ་ཡི་འཐུས་མིས་སྨོན་ཚིག་ཕུལ། འགོ་མ་བརྩམས་གོང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ཡིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། མེ་ཀུང་ཆུ་བོའི་རྒྱལ་ཁབ་ལྔ་ཡི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་སོགས་ཚོགས་ཞུགས་སྐུ་མགྲོན་གལ་ཆེན་དང་ཐུག་འཕྲད་བྱས།