ཟླ8པའི་ཚེས28ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་ཀྲུང་གོ་སྦྲེལ་འཕྲིན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཏུང་ཞིན་འཁོར་དང་བཅས་པར་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཏུང་ཞིན་འཁོར་དང་བཅས་པར་དགའ་བསུ་ཞུས་པར་མ་ཟད། ཀྲུང་གོ་སྦྲེལ་འཕྲིན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་ནི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ། མི་རིགས་ཀྱི་ཞིང་ཆེན་ཆེན་པོ་བཅས་ཡིན་པས། སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ཡོད། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་དེད་དེ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད་ལ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་། དག་གཙང་ནུས་ཁུངས་ཀྱི་དགེ་མཚན་ལ་གཞི་བཅོལ་ནས་ལྗང་མདོག་རྩིས་གློག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་འགུལ་ངང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་ཁྲོད་འདྲེས་པར་བྱས་ཏེ། ནུས་ཁུངས་རྒྱལ་ཁབ་སྟོབས་ལྡན་དང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་ཆེད་དུ་སྟོབས་ཤུགས་འབུལ་བཞིན་ཡོད། ཀྲུང་གོ་སྦྲེལ་འཕྲིན་གྱིས་འཕྲིན་གཏོང་དྲ་རྒྱ་དང་རྩིས་ནུས་བཀོད་གཏོང་། ཐོན་ལས་ཁོར་ཡུག་སོགས་ཀྱི་སྲོག་ཤིང་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་ལས་གཏིང་ཟབ་དང་ལས་གཞི་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད། འཇོན་མི་གསོ་སྐྱོང་སོགས་ཕྱོགས་སུ་མུ་མཐུད་དུ་ཤུགས་བསྣན་ནས། རྒྱལ་ཡོངས་སུ་དཔེ་སྟོན་གྱི་དོན་སྙིང་ལྡན་པའི་མཚོན་རྟགས་རང་བཞིན་གྱི་ལས་གཞི་ཁག་ཅིག་བསྐྲུན་པ་དང་། མཚོ་སྔོན་གྱིས་རྒྱུན་ཆད་མེད་པར་སྐྱེ་ཁམས་ཐོན་ཁུངས་དང་ནུས་ཁུངས་དགེ་མཚན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་བསྒྱུར་བར་རོགས་ཤུགས་འདོན་རྒྱུའི་རེ་བ་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཀྲུང་གོ་སྦྲེལ་འཕྲིན་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བར་ཞབས་ཞུའི་འགན་སྲུང་ལེགས་པོ་སྒྲུབ་རྒྱུ་ཡིན།
ཏུང་ཞིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་སྦྲེལ་འཕྲིན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ཁུངས་ཀྱི་དགེ་མཚན་ཁྱད་དུ་འཕགས་ཤིང་། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་སྟོབས་ཤུགས་དྲག་པོ་ལྡན་ལ། རྩིས་གློག་མཐུན་སྦྱོར་གྱི་ཕན་འབྲས་རིམ་བཞིན་མངོན་གསལ་དུ་འགྱུར་བཞིན་པ་དང་། སྲིད་ཇུས་མ་ལག་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ནས། ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད། ཀྲུང་གོ་སྦྲེལ་འཕྲིན་གྱིས་མཚོ་སྔོན་དེ་གཙོ་གནད་འཐབ་ཇུས་ཀྱི་འཕེལ་རྒྱས་ས་ཁོངས་སུ་འཇོག་པ་དང་། ཀུང་སི་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ལས་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཚད་གཞི་མཐོན་པོས་བསྐྲུན་པའི་བླང་བྱ་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་རྒྱུ། ཀྲུང་གོ་སྦྲེལ་འཕྲིན་གྱིས་མཚོ་སྔོན་གྱི་འཕེལ་རྒྱས་དགོས་མཁོ་དང་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ། མཚོ་སྔོན་དུ་ཡོད་པའི་ཐོན་ལས་ཀྱི་བཀོད་པ་དང་དངུལ་གཏོང་ནུས་ཚད་མུ་མཐུད་དུ་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་གསར་གཏོད་དང་། རྩིས་ནུས་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སོགས་ཕྱོགས་ནས་ཐོད་བརྒལ་གསར་བ་མངོན་འགྱུར་འབྱུང་བར་ཤུགས་འདོན་རྒྱུ་ཡིན་པ་མ་ཟད། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་དང་ཁག་ཁུར་ལག་ཏུ་བསྟར་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྦྲེལ་འཕྲིན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།