ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མཇུག་བསྒྲིལ། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་གནང་། གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། སྨན་བཅོས་འགན་སྲུང་བཅའ་ཁྲིམས་དང་། རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོར་འདེགས་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་ཞིང་ལས་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲུང་སྐུལ་སློང་བཅའ་ཁྲིམས། ཁྲིམས་རྩོད་པའི་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་། ལུའུ་ཀྲི་ཡོན་གྱི་དམངས་སྲིད་པུའུ་ཡི་པུའུ་ཀྲང་གི་གོ་གནས་ལེན་རྒྱུ་དང་ལི་ཁྲང་ཀོན་དམངས་སྲིད་པུའུ་ཡི་པུའུ་ཀྲང་ལ་བསྐོ་གཞག་བྱ་རྒྱུའི་ཐག་བཅད།
གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧང་ག་རིའི་རྩིས་སྤྲོད་ཆིངས་ཡིག》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་བརྡས་ཐག་བཅད་པ་བརྒྱུད། ཀྲང་ཡུག་ཞ་ཡི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་ལེན་རྒྱུ་དང་། ལིའུ་ཀྲེན་ལེ་ཡི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ཕྱིར་ལེན་རྒྱུའི་གྲོས་ཐག་བཅད་།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། ཉི་ཡུའེ་ཧྥིན་རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱས་པ་དང་། ཞའོ་ཕེ་དང་ཧྥུའུ་ཁུའེ་ཡི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་ནས། ཀྲའོ་ཧྲི་ཡུང་དང་ཀྲང་ཀྲུང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱས། ཧྲེན་ལིང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྐོར་སྐྱོད་ཁྲིམས་ས་ལྔ་པའི་འགོ་གཙོ་དང་འདྲི་གཅོད་པ་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱས་ནས། ཏང་ཀོང་སའོ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འདྲི་གཅོད་པ་བཅས་ལ་བསྐོ་གཞག་བྱས།
གྲོས་ཚོགས་སྟེང་བསྐོ་འཐེན་གྲོས་གཞི་གཞན་དག་ལའང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་འབྲེལ་ཡོད་དོན་ཚན་ལ་བརྡས་ཐག་བཅད་རྗེས། ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་།
ཀྲའོ་ལེ་ཅི་ཡིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལག་བསྟར་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དེས་དམངས་ཆེན་གྱི་ཁྲིམས་འཛུགས་བྱ་བར་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་པས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གཅིག་གྱུར་ཡོང་བར་བྱས་ཏེ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། རང་རྟོགས་སྒོས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱེད་དགོས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”དམིགས་འབེན་ལས་འགན་མངོན་འགྱུར་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པར་དམིགས་ནས། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་རྒྱག་དགོས། ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན། དུས་ཆོད་རང་བཞིན་བཅས་ཆེ་རུ་བཏང་ནས། རྩ་ཁྲིམས་ལྟར་ཁྲིམས་འཛུགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་ཁྲིམས་འཛུགས་བྱེད་དགོས། རྩ་ཁྲིམས་དང་མཐུན་པའི་ཞིབ་བཤེར་དང་ཐོ་འགོད་ཞིབ་བཤེར་གྱི་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ལ་ཞིབ་འཇུག་དྲིལ་སྒྲོག་དང་གསལ་འགྲེལ་བཅས་བྱ་རྒྱུར་ཤུགས་བརྒྱབ་སྟེ། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་གི་ཡིད་རྟོན་དང་། ལམ་ལུགས་ཀྱི་ཡིད་རྟོན། ཁྲིམས་བརྩི་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།
མཇུག་སྒྲིལ་གྲོས་ཚོགས་ཀྱི་རྗེས་སུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་བཞི་པ་བྱས།
ཚེས་28ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།