ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ8པའི་ཚེས28ཉིན་གྲོས་ཚོགས་བསྡུས་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རུད་ཀྱི་གནོད་སེལ་རྒུད་སྐྱོབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།
གྲོས་ཚོགས་འགོ་ཚུགས་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་མ་ཡར་ལངས་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རུད་ཀྱི་གནོད་འཚེ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་རྣམས་ལ་ངག་བསྡམས་མྱ་ངན་ཞུ་དགོས་པའི་གྲོས་འགོ་བཏོན།
གྲོས་ཚོགས་ཐོག་བསྟན་དོན། ཐེངས་འདིར་བལ་བོའི་ཕྱོགས་སུ་འདམ་རུད་ཀྱི་གནོད་འཚེ་བྱུང་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་ཡིན་པ་དང་འབྲེལ་བ་ཆད་པ་རེད། གནོད་འཚེ་བྱུང་རྗེས་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་བྱ་བའི་ཐད་བླང་བྱ་ཁ་གསལ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གནོད་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་ཉེན་སེལ་རོགས་སྐྱོབ་མི་སྣར་གཟིགས་སྐོར་དང་འཚམས་འདྲི་གནང་བ་དང་། ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་བྱ་བར་མཛུབ་སྟོན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་ཡུལ་དངོས་སུ་ཕེབས་ནས་མཛུབ་སྟོན་ཐག་གཅོད་གནང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཆུང་གི་མཛུབ་སྟོན་འོག བོད་རང་སྐྱོང་ལྗོངས་དང་འཕྲལ་སྡོམ་དོ་དམ་པུའུ་སོགས་འབྲེལ་ཡོད་སྡེ་ཁག་དང་མེ་ཟོན་རོགས་སྐྱོབ་རུ་ཁག ཀྲུང་གོའི་ཨན་ནིན་སོགས་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་མགྱོགས་མྱུར་ངང་འགུལ་སྐྱོད་སྤེལ་ཞིང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བཀའ་འབྱོར་ནས་འགུལ་སྐྱོད་སྤེལ་བ་དང་དུས་ཐོག་ཏུ་དམིགས་སར་འབྱོར་ལ། ཉེན་སེལ་རོགས་སྐྱོབ་བྱ་བ་བྲེལ་མྱུར་དང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། མང་ཚོགས་བདེ་འགོད་དང་རྗེས་འཇུག་ཐག་གཅོད་སོགས་ཀྱི་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས།
གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཐེངས་འདིའི་གནོད་འཚེ་དེ་མཐོ་སྒང་གི་དྲོད་གྲང་དམའ་བའི་ས་ཁུལ་དུ་བྱུང་ལ། གྲོག་རོང་གཡང་གཟར་དང་གནམ་གཤིས་འགྱུར་ལྡོག་ཆེ་བ། མཐའ་འཁོར་དུ་འཁྱགས་རོམ་དང་འཁྱགས་མཚོ། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་མི་ཉུང་བ་ཞིག་སྔར་བཞིན་གནས་ཡོད་པས། ཉེན་སེལ་རོགས་སྐྱོབ་དཀའ་ངལ་ཧ་ཅང་ཆེན་པོར་འཕྲད་འདུག འབྲེལ་ཡོད་ཕྱོགས་སོ་སོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱས་ཏེ། བློ་ཐག་ཆོད་ཅིང་ནུས་པ་ལྡན་པའི་བྱེད་ཐབས་དང་། ཚན་རིག་དང་མཐུན་ལ་ལས་ཆོད་ཆེ་བའི་བྱེད་ཐབས་སྤྱད་དེ་བྱ་བ་ཁག་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འཚོལ་སྐྱོབ་ཇུས་གཞི་བཟོས་ཏེ་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་དགོས། སྡེ་ཁག་མང་པོས་མཉམ་འབྲེལ་གྲོས་མོལ་ལ་ཤུགས་བསྣན་ནས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་དགོས་ལ། འཁྱིལ་མཚོ་དང་མཐའ་འཁོར་རི་ལྡེབས་ཀྱི་བརྟན་ལྷིང་རང་བཞིན་ལ་དོ་ཁུར་དམ་ཟབ་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཞོར་ཐོན་གནོད་འཚེ་ཡོང་བར་ནན་འགོག་བྱེད་དགོས། ཡུལ་དངོས་ཀྱི་མི་སྣའི་དོ་དམ་ལ་ཤུགས་བརྒྱབ་ནས་རོགས་སྐྱོབ་ཀྱི་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་ལ་འགན་ལེན་བྱེད་དགོས། གནོད་ཐེབས་མང་ཚོགས་བདེ་འགོད་ཡག་པོ་བྱས་ཏེ་འཆི་གོད་གྱོང་གསབ་དང་རྒུད་སྐྱོབ་སོགས་རྗེས་འཇུག་ཐག་གཅོད་ཀྱི་བྱ་བ་ཞིབ་ཚགས་ངང་ཡག་པོར་སྒྲུབ་དགོས། བལ་བོའི་གནོད་ཐེབས་ས་ཁུལ་ལ་བྲེལ་མྱུར་གྱིས་རོགས་སྐྱོར་བྱས་ཏེ་རྒྱལ་སྤྱིའི་རོགས་སྐྱོབ་མཉམ་ལས་ལ་ཤུགས་སྣོན་དགོས།
གྲོས་ཚོགས་ཐོག་བསྟན་དོན། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་མཐིལ་རྟོགས་བྱེད་དགོས་ལ། མདོ་དབུས་མཐོ་སྒང་གི་འཁྱགས་རོམ་དང་འཁྱགས་མཚོའི་ཐོན་ཁུངས་ལ་བརྟག་དཔྱད་བྱ་རྒྱུ་དམ་འཛིན་བྱེད་པ་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་གནོད་འཚེའི་མུ་ཕྲེང་ཉེན་ཁ་དབྱེ་འབྱེད་བྱེད་ནུས་ཆེ་རུ་གཏོང་དགོས། འཕྲལ་བསྟུན་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྟོད་སྨད་རྒྱུད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། དང་ལེན་མཉམ་འགུལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁའི་ཁུལ་གྱི་སྤོ་སྒྱུར་ལམ་ཐིག་དང་བདེ་འགོད་ས་གནས་ཀྱི་མི་སྣ་སྤོ་སྒྱུར་བྱེད་ཐབས་དོན་འཁྱོལ་བྱེད་དགོས། ཉེན་སེལ་རོགས་སྐྱོབ་ཀྱི་འགག་རྩའི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ལ། གནོད་འཚེའི་ཉེན་ཁ་ཆེ་བའི་མཐོ་སྒང་དང་། རི་ཁུལ། མཐའ་མཚམས་སོགས་ཐག་རིང་ས་ཁུལ་དུ་འོས་འཚམ་གྱིས་མེ་ཟོན་རོགས་སྐྱོབ་དང་ལས་གྲྭའི་ཉེན་སེལ་སོགས་ཀྱི་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་ལམ་དང་གློག དྲ་བ་སོགས་ཆད་པའི་ཆ་རྐྱེན་འོག་གི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས། མཐའ་མཚམས་ཀྱི་གནོད་འཚེ་དོ་དམ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བརྒྱབ་ནས་འཕྲལ་སྡོམ་དོ་དམ་དང་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་ཡག་པོ་བྱེད་དགོས་ལ། མཐར་སོན་བསམ་གཞིགས་དང་ཚད་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་སེམས་མི་བདེ་བའི་”ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དེ་ཆེ་རུ་གཏོང་བ་དང་། བདེ་འཇགས་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས།
གྲོས་ཚོགས་ཐོག་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།