སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཟླ8པའི་ཚེས27ཉིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཕེབས་ནས་སྐྱིད་གྲོང་འགག་སྒོའི་འདམ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་དང་འཕྲལ་བསྟུན་ཐག་གཅོད་བྱ་བར་མཛུབ་སྟོན་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་ཁུལ་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་གནང་སྟེ། ཉེན་སེལ་རོགས་སྐྱོབ་དང་འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་བྱ་བ་ལེགས་པོ་བསྒྲུབ་པར་མཛུབ་སྟོན་གལ་ཆེན་གནང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་འཕྲལ་བསྟུན་ཐག་གཅོད་བྱ་བ་ལེགས་པོར་སྒྲུབ་དགོས།
ལི་ཆང་གཞིས་ཀ་རྩེའི་གནམ་གྲུ་ཐང་དུ་འབྱོར་རྗེས་དུས་ཐོག་ཏུ་སྐྱིད་གྲོང་གི་གནོད་ཐེབས་ས་ཁུལ་དུ་ཕེབས་ནས།། ཡུལ་དངོས་སུ་གནོད་འཚེའི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་ཉེན་སེལ་རོགས་སྐྱོབ་མི་སྣར་གཟིགས་སྐོར་དང་འཚམས་འདྲི་གནང་། ཁོང་གིས་བསྟན་དོན། ཐེངས་འདིའི་གནོད་འཚེ་ཡིས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པ་དང་མི་མང་པོར་འབྲེལ་བ་ཆད་པས་བློ་ཡིད་ཕམ་པ་ཞིག་རེད། ཚན་རིག་དང་མཐུན་པའི་སྒོ་ནས་འཚོལ་སྐྱོབ་ཀྱི་ཇུས་གཞི་བཟོས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། རེ་བ་ཕྲན་ཙམ་ཡོད་ན་འབད་བརྩོན་བྱེད་དགོས། གཞུང་ལམ་དང་འཕྲིན་གཏོང་། གློག་ཤུགས་སོགས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མྱུར་དུ་ཞིག་གསོ་བྱས་ནས། རོགས་སྐྱོབ་ལམ་བུ་གང་མགྱོགས་སྒོས་ཤར་གཏོང་བྱེད་དགོས། ཁོང་གིས་ཡུལ་དངོས་དང་པོར་འབད་འཐབ་བྱེད་བཞིན་པའི་ཉེན་སེལ་རོགས་སྐྱོབ་མི་སྣར་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་དཀའ་ངལ་ཁྱད་བསད་དང་བསྟུད་མར་འབད་འཐབ་བྱེད་པར་ཐུགས་རེ་བཏོན་པ་མ་ཟད། ཁོ་ཚོར་ངེས་པར་དུ་རང་ངོས་ཀྱི་བདེ་འཇགས་འགོག་སྲུང་ཡག་པོ་བྱེད་དགོས་པའི་མངགས་བཅོལ་གནང་། དེའི་རྗེས། ལི་ཆང་བདེ་འགོད་ས་ཚིགས་སུ་ཕེབས་ནས་གནོད་ཐེབས་མང་ཚོགས་ལ་གཟིགས་སྐོར་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་འཚམས་འདྲི་བརྒྱུད་བསྒྲགས་གནང་། ཁོང་གིས་ནན་གྱིས་བསྟན་དོན། རྒུད་སྐྱོབ་དངོས་ཟོག་བཀོད་གཏོང་མུ་མཐུད་དུ་ལེགས་པོར་སྒྲུབ་པ་དང་། མང་ཚོགས་གནས་སྤོར་བདེ་འགོད་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་སྲུང་བྱས་ཏེ། ཁོ་ཚོར་ཏང་དང་སྲིད་གཞུང་གི་དྲོད་ཁོལ་ཚོར་ཐུབ་པར་བྱེད་དགོས།
སྐྱིད་གྲོང་འདམ་རུད་གནོད་འཚེའི་མདུན་ཕྱོགས་བཀོད་འདོམས་པུའུ་རུ། ལི་ཆང་གིས་བོད་རང་སྐྱོང་ལྗོངས་དང་འབྲེལ་ཡོད་ཕྱོགས་ཀྱི་བྱ་བའི་སྙན་ཞུར་གསན་ནས། ཉེན་སེལ་རོགས་སྐྱོབ་དང་འཕྲལ་བསྟུན་ཐག་གཅོད་བྱ་བ་སྔར་བས་ལེགས་པོ་བསྒྲུབ་པར་ཞིབ་འཇུག་བཀོད་སྒྲིག་གནང་། ཁོང་གིས་ནན་གྱིས་བསྟན་དོན། རོགས་སྐྱོབ་སྟོབས་ཤུགས་སྒྲིག་ཆས་གཅིག་གྱུར་འཆར་འགོད་ངང་བཀོད་གཏོང་དང་། ཡུལ་དངོས་ཀྱི་གཅིག་གྱུར་བཀོད་འདོམས་ལ་ཤུགས་བསྣན་ནས། འབྲེལ་ཆད་མི་སྣའི་གནས་ཚུལ་སྔར་བས་མཐིལ་རྟོགས་བྱས་ཏེ། ཡུལ་དངོས་རོགས་སྐྱོབ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་དགོས། སེམས་ཤུགས་ཡོད་རྒུ་བཏོན་ཏེ་རྗེས་འཇུག་ཐག་གཅོད་ལེགས་པོ་བྱེད་པ་དང་། རྐྱེན་ལམ་དུ་ཤོར་བ་དང་འབྲེལ་ཆད་མི་སྣའི་ཁྱིམ་མིར་མི་ཚུལ་གྱི་ཐུགས་ཁུར་དང་སེམས་ཁམས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། འཆི་གོད་གྱོང་གསབ་དང་རྒུད་སྐྱོབ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ལེགས་པོ་བྱེད་དགོས། གནོད་ཁུལ་དང་ཉེ་འཁོར་ས་ཁོངས་ཀྱི་གནམ་གཤིས་དང་ཆུ་དཔྱད། ས་གཤིས་སོགས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་དང་། འཕྲོད་བསྟེན་རིམས་འགོག་དུག་སེལ་ལེགས་པོ་བྱས་ནས་ཞོར་ཐོན་གནོད་འཚེ་ལ་འགོག་ཟོན་ནན་མོ་བྱེད་དགོས། གནོད་འཚེའི་གནས་ཚུལ་དང་ཉེན་སེལ་རོགས་སྐྱོབ་བྱ་བའི་ཆ་འཕྲིན་ཡོངས་བསྒྲགས་གསལ་བོ་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བའི་འཕྲལ་བསྟུན་ཐག་གཅོད་དང་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་དང་། འབྲེལ་ཡོད་ཕྱི་ཕྱོགས་དང་མཉམ་དུ་འབྲེལ་ཆད་མི་སྣ་གྲལ་བཤེར་དང་རྗེས་འཇུག་ཐག་གཅོད་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡིད་ཆེས་བརྟན་པོ་དང་དཀའ་གནད་མཉམ་སྒྲོལ་བྱེད་དགོས།
ལི་ཆང་གིས་བསྟན་དོན། དེང་སྐབས་རང་རྒྱལ་སྔར་བཞིན་ཆུ་རྒྱས་པའི་དུས་སུ་གནས་ཡོད་པས། ཞོད་འགོག་དང་མཚོ་རླུང་སྔོན་འགོག་གི་གནས་བབ་སྔར་བཞིན་ཛ་དྲག་ཡིན་ཞིང་རྙོག་འཛིང་ཆེ། མཐར་སོན་བསམ་གཞིགས་དང་ཚད་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས། བག་མེད་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་དང་། གཙོ་གནད་ས་ཁོངས་དང་ས་གནས་ཁག་ལ་དམ་པོར་དམིགས་ནས་སྐོར་ཞིབ་དང་ཉེན་ཁ་སེལ་དགོས། གནོད་འཚེ་སྣ་ཚོགས་ཀྱི་སྔོན་འགོག་བྱ་བ་ཏན་ཏིག་གིས་ལེགས་པོར་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་ངེས་པ་དོན་གྱིས་སྲུང་སྐྱོང་བྱེད་དགོས།
ཀྲང་གོ་ཆིན་དང་། ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།