ཉེ་ལམ“རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན”ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དབྱིན་ཇིའི་ལོན་ཏོན་གྱི་མོར་རི་མོའི་བར་ཁྱམས་སུ་འཚོགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་དབྱིན་ཇིའི་གོང་མ་ཚང་གི་སྒྱུ་རྩལ་མཁས་ཅན་སློབ་ཚོགས་ཀྱི་ཚེ་གང་ཡོན་ཧྲི་ཀྲང་ཧོའེ་ཚུན་གྱི“ཁྱིམ། ངའི་དྲོ་སྐྱིད་ལྡན་པའི་ཁྱིམ”ཞེས་པ་བརྗོད་གཞིར་བཟུང་བའི་རི་མོ་འགྲེམས་སྟོན་མཇུག་འགྲིལ་མཛད་སྒོ་དང་ཟུང་འབྲེལ་བྱས་ནས་སྤེལ་བ་ཞིག་ཡིན་ཞིང་། དམིགས་ཡུལ་ནི་སྒྱུ་རྩལ་འབྲེལ་ཐག་ཏུ་བྱས་ནས་དབྱིན་ཇིའི་དམངས་ཚོགས་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བར་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། རིག་གནས་ཀྱི་རྨང་གཞི། ཐུན་མོང་མ་ཡིན་པའི་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་བཅས་མངོན་ཆེད་རེད།
ཀྲང་ཧོའེ་ཚུན་ནི་མཚོ་སྔོན་ནས་ཐོན་པའི་ཕུལ་བྱུང་སྒྱུ་རྩལ་མཁས་ཅན་ཞིག་ཡིན་ཞིང་། ཁོང་གི་རི་མོའི་བརྩམས་ཆོས་དག་ནི་ཕ་ས་ཕ་ཡུལ་ཞིང་སར་བཟུང་ཞིང་། ཕ་ཡུལ་གྱི་དྲན་གདུང་ས་བོན་དུ་ཉར་ནས་རྒྱལ་སྤྱི་ཅན་གྱི་སྒྱུ་རྩལ་གྱི་སྐད་ཆ་ཐོག་ནས་ཀྲུང་གོའི་ས་མཐོ་ཡི་གཏམ་རྒྱུད་བརྗོད་ཡོད། རི་མོ་འགྲེམས་སྟོན་དེས་ལྟད་མོ་བའི་བརྩེ་ཞེན་དང་དུང་སེམས་གཅིག་ཏུ་འདྲེས་སུ་བཅུག་པས་འོས་སྦྱོར་ཚོགས་འདུར་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་བཏོད། མཚོ་སྔོན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་གནས་ཡིན་པ་དང་། གངས་རི་དང་འཁྱགས་ཀླུང་། མཐོ་སྒང་གི་མཚོ་དང་མཚེའུ། ཏན་ཞ་རྩྭ་ཐང་སོགས་རང་བྱུང་མཛེས་ལྗོངས་ཡོད་པར་མ་ཟད། རེབ་གོང་སྒྱུ་རྩལ་དང་། མཚོ་སྔོན་འཚེམ་དྲུབ། ལ་གཞས་སོགས་གཟུགས་འདས་རིག་གནས་ཤུལ་བཞག་གྱི་འོད་ཟེར་ལམ་ལམ་འཕྲོ་ས་ཞིག་ཡིན་པས། མི་རིགས་དུ་མ་མཉམ་འཚོ་མཉམ་གནས་མཉམ་འཕེལ་གྱི་མི་ཆོས་གོམས་སྲོལ་ཁྱད་དུ་འཕགས།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་པར་རིས་འགྲེམས་སྟོན་དང་། མི་རིགས་རྒྱན་གོས་ངོམ་སྟོན། དེ་བཞིན་རིག་རྩལ་འཁྲབ་སྟོན་བཅས་བྱས་པར་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ཚད་མཐོའི་གདེང་འཇོག་ཐོབ་པ་རེད། ཀྲུང་གོ་གསར་འགྱུར་ཁང་དང་མི་དམངས་དྲ་བ་སོགས་གཞུང་ཕྱོགས་སྨྱན་སྦྱོར་གྱིས་བྱེད་སྒོའི་སྐོར་ནས་ཆེད་དོན་གནས་ཚུལ་སྤེལ་བ་དང་། འབྲེལ་ཡོད་རྩོམ་ཡིག་དྲ་རྒྱའི་སྟེང་ལྟ་ཀློག་ཐེངས་ཁྲི60ལས་བརྒལ་བ་བྱུང་ནས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་རིག་གནས་ཡུལ་སྐོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་བཏང་ནས་སུའེ་ཙེར་དང་། མ་ལེ་ཞི་ཡ། ལྷོ་ཁོ་རེ་ཡ་སོགས་རྒྱལ་ཁབ་དང་ས་ཁུལ10ལྷག་ཙམ་དུ་འོས་སྦྱོར་བྱེད་སྒོ་སྤེལ་ནས་ཨེ་ཤེ་ཡ་ཤར་ལྷོར་ཁྱབ་ཅིང་། ཡོ་རོབ་ལ་འཕྲོ་པའི་ཁྱབ་གདལ་དྲ་རྒྱ་བསྐྲུན། ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་དབྱིན་ཇིའི་ཁྲོམ་རའི་བར་སྦྲེལ་མཐུད་གནད་འཁེལ་བྱས་ནས་མཚོ་སྔོན་གྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ས་གནས་དེ་གའི་འགྲུལ་སྐྱོད་ཀྱི་ཚོང་དོན་ཐོན་རྫས་མ་ལག་ནང་འཇུག་པར་སྐུལ་འདེད་བཏང་བ་དང་། ཀྲུང་གོ་དང་དབྱིན་ཇིའི་བར་གྱི་རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་ཡོད་དོ། །