སྨན་དྲི་ཕྱོགས་བཞིར་འཐུལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

--པར་ཙིར་གྱི་དྲ་རྒྱའི་པོད་བདག་མཚོ་སྔོན་དུ་སྐྱོད་པ་ཞེས་པའི་ཀྲུང་བོད་གསོ་རིག་རིག་གནས་བརྗེ་སྤེལ་ཟུར་བཀོད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8ཚེས15ཉིན་ནས་ཚེས20ཉིནབར་དུ། པར་ཙིར་ཡི་ཚན་རྩལ་དང་། རིག་གནས་ཡུལ་སྐོར། སྤྱི་ཕན་སོགས་ཁྱབ་ཁོངས་ཀྱི་དྲ་དཔོན་བདུན་མཚོ་སྔོན་དུ་ཡོང་སྟེ།  ཞིང་གྲོང་དར་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོབ། ཀྲུང་བོད་གསོ་རིག་རྒྱུན་འཛིན་དང་དར་སྤེལ་སོགས་བརྗོད་གཞིར་བཟུང་ནས་རིག་གནས་ཐད་ནས་སྤེལ་རེས་གནང་བ་དང་།  རྒྱལ་ཕྱིའི་མཐོང་སྣེ་ནས་མཐོ་སྒང་གི་འཕེལ་རྒྱས་རྣམ་པ་དངོས་ཟིན་ཐོར་བཀོད་དེ། རྒྱལ་ཕྱིའི་དྲ་གྲོགས་རྣམས་ལ་རབ་མཛེས་མཚོ་སྔོན་གྱི་རྣམ་པ་གསར་ལངས་གཟུགས་རྣམ་པས་ངོམ། 

ཙོག་བཅོས་སྨན་པས་རྩ་ལ་བརྟག་བཞིན་པ།

ཀྲུང་བོད་གསོ་རིག་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་ཡིན་ལ། མཚོ་བོད་ས་མཐོར་ལོ་ངོ་སྟོང་ཕྲག་རིང་ལག་ལེན་དང་ཉམས་མྱོང་གསོག་འཇོག་བརྒྱུད་ཆགས་པའི་ཁྱད་ལྡན་གསོ་རིག་གི་མ་ལག་ཅིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ཀྲུང་བོད་གསོ་རིག་ལས་དོན་བྱ་གཞག་སྤུས་ཚད་མཐོ་བའི་གོང་འཕེལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས།  ཕྱི་ཕྱོགས་སུ་ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་དང་ས་མཐོའི་ཁམས་གསོའི་བསམ་བློ་བརྒྱུད་སྒྲོག་གི་འདུ་ཤེས་ངོམ་སོ་བྱེད་པའི་མིང་བྱང་ཆེན་པོ་ཞིག་ཏུ་གྱུར་ཡོད། ཟླ8ཚེས19ཉིན་ཉིན་དུ་པར་ཙིར་གྱི་དྲ་རྒྱའི་པོད་བདག་སྐོར་ཞིག་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ཡོང་སྟེ་བོད་ལུགས་གསོ་རིག་གི་འཕེལ་རྒྱས་བརྒྱུད་རིམ་དང་། གསར་གཏོད་ཀྱི་གྲུབ་འབྲས། སྡེབ་སྦྱོར་བཟོ་རྩལ་བཅས་ལ་འཚོལ་ཞིབ་བྱས་ཏེ་ཁྱད་ལྡན་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་ཉམས་སུ་མྱངས་པ་རེད།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གཏེར་རྫས་ཚན་ཁག་གི་ཏང་ཨུའི་ཧྲུའུ་ཅི་ཆི་ཙེང་ཞའོ་ཡིས་འདི་སྐད། “ཚང་མས་ངའི་ལག་ནང་གི་སྨན་སྒམ་འདིར་ལྟོས་དང་། ནང་དུ་རྩི་ཤིང་དང་། སྲོག་ཆགས། གཏེར་རྫས་རིགས་ཀྱི་སྨན་རྫས་འདུ་ཞིང་།  འདི་དག་སྨན་འདུལ་རིམ་པ་བརྒྱ་ཕྲག་བརྒྱུད་དགོས། ”ཞེས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འདུས་སྦྱོར་ཚན་ཁག་གི་ཏང་ཨུའི་ཧྲུའུ་ཅི་ཆི་ཙེང་ཞའོ་ཡིས་བོད་སྨན་སྒམ་གང་བཟུང་ནས་བོད་སྨན་འདུལ་སྦྱོང་གི་བརྒྱུད་རིམ་སྟེ།  གོ་རིམ་རེ་རེ་ཧ་ཅང་གཟབ་ནན་ཡིན་ན་ད་གཟོད་སྨན་རྫས་ཀྱི་མ་བཅོས་སྨན་ནུས་དང་རང་བཞིན་ཤོར་མི་ཐུབ་ཟེར།  ངོ་སྤྲོད་ལ་ཉན་རྗེས། པར་ཙིར་པོད་བདག་ལུའོ་ཉིང·སུའོ་ས་ཡིས་ངོ་མཚར་དང་བཅས“སྨན་རིལ་ཆུང་ཆུང་ཞིག་གི་རྒྱབ་ཏུ་དེ་འདྲའི་དང་དོད་ཆེན་པོ་བྱེད་ཀྱི་ཡོད་པ་བསམ་ཡུལ་ལས་འདས་པ་ཞིག་རེད། སྨན་སྣ་གཅིག་བཟོ་བའི་གོ་རིམ་ཁྲོད་དེ་འདྲའི་བློ་གྲོས་དང་ཤེས་རབ་བརྡོལ་བ་དངོས་ནས་ངོ་མཚར་ཆེ་བ་ལ་ཨང་ཟེར།

ཙོག་བཅོས་སྨན་པས་པར་ཙིར་གྲོགས་པོ་ལ་ལུས་ཕུང་གི་གནས་ཚུལ་ཞིབ་འདྲི་བྱེད་པ། 

སྡེབ་སྦྱོར་ཚན་ཁག་ནས་ཕྱིར་བུད་རྗེས་ཚང་མ་གྲོང་ཤར་ཆུས་ཀྱི་ས་བབ་ལེགས་ཤོས་ཀྱི་ས་མཐོའི་ཁམས་གསོ་དཔེ་སྟོན་རྟེན་གཞིར་བསྐྱོད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་མགོ་གཙོ་ཏུང་ལེ་ཡིས་མིག་མདུན་གྱི་རིག་གནས་བར་ཁྱམས་རིང་པོ་སྟོན་ཞོར“བོད་ལུགས་གསོ་རིག་ནི་ས་མཐོའི་མང་ཚོགས་ཀྱིས་ལོ་ངོ་སྟོང་རིང་ལག་ལེན་དང་ཉམས་མྱོང་ཁྲོད་བསགས་པའི་གསོ་རིག་གི་གྲུབ་འབྲས་ཤིག་རེད། ས་མཐོའི་ཁམས་གསོ་ཡིས་བོད་སྨན་འདི་སྨན་ཁང་ལས་ཕྱིར་ཐོན་ཏེ་རིག་གནས་ཡུལ་སྐོར་དང་རྒྱལ་སྤྱིའི་སྤེལ་རེས་བར་མཉམ་འབྲེལ་མཉམ་འདྲེས་བྱས་ཏེ། ཁྱད་ཆོས་མངོན་གསལ་དོད་པ་དང་། མ་ལག་འཐུས་ཚང་བ། འཚམ་མཐུན་རང་བཞིན་ཆེ་བ་བཅས་ཀྱི་ས་མཐོའི་ཁམས་གསོ་ཡི་རྣམ་པ་ཞིག་ཆགས་ཡོད”ཅེས་ངོ་སྤྲོད་བྱས།  པོད་བདག་ཚོས་རིག་གནས་བར་ཁྱམས་མདུན་དུ་གོམ་མཚམས་བཞག་སྟེ་བོད་ལུགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཉན་ཞོར་དུ་དེར་བཤམས་པའི་སྲོལ་རྒྱུན་གྱི་སྨན་བཅོས་ཡོ་བྱད་ལ་ཞིབ་ལྟ་བྱས། པར་ཙིར་དྲ་རྒྱའི་པོད་བདག་ཧན་ན·ཨའོ་ལི་ཝུའེ་ལ·ཨ་ས་ཡ་ཀེས་ལག་ཐོགས་ཁ་པར་བཟུང་ནས་པར་ལེན་ཞོར་དུ“ང་དེ་སྔ་བོད་ལུགས་གསོ་རིག་དང་ས་མཐོའི་ཁམས་གསོ་ལ་རྒྱུས་མངའ་གཏན་ནས་མེད། ད་ཐེངས་ངས་གནས་ཚུལ་ཐམས་ཅད་ཟིན་ཐོར་བཀོད་ནས་པར་ཙིར་གྱི་གྲོགས་པོ་མང་པོར་མཚོ་སྔོན་དང་། བོད་ལུགས་གསོ་རིག་ལ་ཤེས་རྟོགས། ས་མཐོའི་ཁམས་གསོ་ལ་དགའ་བ་བཅས་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བཤད།   
  སྨན་གྱི་དྲི་ཞིམ་ཕྱོགས་བཞིར་ཁྱབ་པའི་ཁྲོད་དུ།  པོད་བདག་ཚོ་སྨན་བཅོས་ཉམས་ལེན་ཁུལ་དུ་བསྐྱོད་དེ་བོད་སྨན་གྱི་བདེ་ཐང་ཞབས་ཞུ་དངོས་སུ་ཉམས་སུ་མྱངས་པ་རེད། “གཟུགས་པོའི་མི་བདེ་བ་ས་དེ་གང་རེད” “མཚོ་སྔོན་དུ་འབྱོར་རྗེས་གཉིད་ཀྱི་གནས་ཚུལ་གང་འདྲ་འདུག” ཅེས་སྨན་པས་རེ་རེ་ལ་ནད་བརྟག་འདྲི་ཞིབ་བྱས་པ་མ་ཟད།   ལམ་ཐག་རིང་པོར་བརྒྱུད་རྗེས་ཀྱི་ལུས་ཁམས་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་།  མི་སྒེར་གྱི་ལུས་ཟུངས་ལ་གཞིགས་ཏེ་ཆེད་དུ་དེར་བསྟུན་གྱི་ཁམས་གསོ་སྙོམས་སྒྲིག་གི་ཇུས་གཞི་བཟོས།

ཁམས་གསོ་དཔེ་སྟོན་རྟེན་གཞིའི་འགན་འཁུར་བ་སྒྲོལ་མ་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྟེན་གཞིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁྲོད་ཀྱི“བོད་ལུགས་གསོ་རིག་གི་སྨན་ལུམས”དང་དེ་བཞིན་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ལ་བརྟེན་ནས་གཡུག་བཅོས་དང་། ཧོར་མེ། རྡོ་དུགས། ཙོག་བཅོས་སོགས་ཁམས་གསོ་རྣམ་གྲངས་རིགས10ལྷག་ཙམ་བཏོན་ཏེ།  མི་གཅིག་གིས་ཕྱོགས་གཅིག་དང་། མི་གཅིག་གིས་ཐབས་ཇུས་གཅིག་སྤྱད་དེ་དབྱེ་འབྱེད་གསལ་བོ་བྱས་ནས་སྨན་བཅོས་དང་། ནད་བསྟུན་སྙོམས་སྒྲིག ལུས་སེམས་མཉམ་གསོ་བཅས་མངོན་འགྱུར་ཐུབ་ཡོད་པ་རེད། 

བོད་སྨན་སྦྱོར་ཚུལ་བཤད་པ། 

དབྱིངས་ཞུགས་རྣམ་པའི་ཁམས་གསོ་མྱོང་རོལ་བྱས་པར་རྒྱང་རིང་ནས་ཕེབས་པའི་པར་ཙིར་པོད་བདག་ཚོས་བསྟོད་ར་ཡང་ཡང་བྱེད། ཧོར་མེ་ལ་མྱོང་རོལ་བྱས་པའི་པར་ཙིར་དྲ་རྒྱའི་པོད་བདག་ལི་ཝ་ནེར་ཏའོ·ཏེ་ནེ་སིས་འདི་སྐད།  དེ་ནི་ངའི་མི་ཚེ་ཁྲོད་ཉམས་སུ་མྱོང་བའི་ལུས་ལ་བདེ་སྣང་བསམ་གྱིས་མི་ཁྱབ་པ་སྟེར་བའི་ཆེད་ལས་ཅན་གྱི་ཁམས་གསོ་བྱེད་སྟངས་ཤིག་རེད། སྨན་བཅོས་ཀྱི་ཕན་ནུས་དངོས་འདྲའི་ཧ་ལས་པ་ཞིག་རེད་ཟེར།

པར་ཙིར་དྲ་རྒྱའི་པོད་བདག་སོ་ཧྥེ་ཡ·ས·སི་ཏེ་ལའོ་ཡིས་དེ་བཞིན་དུ་བསྟོད་བསྔགས་བྱས་བྱུང་།  འདི་ནི་ངས་བོད་སྨན་ཙོག་བཅོས་ལ་རོལ་མྱོང་བྱས་པ་ཐོག་དང་པོ་ཡིན།  གོ་རིམ་ཧྲིལ་བོར་ལུས་སེམས་བདེ་སྣང་གིས་ཁེངས་པ་དང་། སྨན་བཅོས་བྱས་ཚར་རྗེས་ལུས་ཀྱི་ངལ་པ་རྦད་དེ་སངས་འདུག་ཟེར།  ཁམས་གསོ་བཅོས་ཐབས་ལ་མྱོང་རོལ་བྱས་ཚར་ན་ཡང་ཁོ་ཚོའི་སེམས་པ་ད་དུང་དེ་ཕྱོགས་ལ་འཕྲུལ་ནས་ཡོད།  ལ་ལས་ཁ་པར་གྱིས་བླངས་པའི་བརྙན་ལ་ལྟ་བ་དང་།  ལ་ལས་སྨན་པར་ཉིན་རྒྱུན་གྱི་ལུས་ཁམས་གསོ་སྟངས་ཐད་ཀྱི་གདམས་པ་ལེན་བཞིན་ཡོད། ཁོ་ཚོར་མཚོན་ན་བོད་སྨན་ནི་རྒྱུས་མེད་ཀྱི་ཐ་སྙད་ཅིག་མ་ཡིན་པར་འདུལ་སྦྱོང་གི་རིམ་པ་བརྒྱ་ཕྲག་བརྒྱད་ནས་སྦྱོར་བའི་སྨིན་རིལ་རེ་རེ་རེད།  

ཐེངས་འདིར་ཐག་ཉེ་ས་ནས་བོད་སྨན་ལ་རྩད་འདྲི་དང་མྱོང་རོལ་བྱས་པ་ནི་རྒྱལ་ཕྱིའི་གྲོགས་པོར་ལོ་ངོ་སྟོང་ལ་རྒྱུད་འཛིན་བྱས་པའི་བོད་སྨན་གྱི་ཐུན་མིན་རིན་ཐང་ཚོར་དུ་བཅུག་པ་མ་ཟད།  ཀྲུང་གོ་དང་པར་ཙིར་བར་གྱི་དམངས་ཁྲོད་ཀྱི་རིག་གནས་བརྗེ་སྤེལ་ཐད་འབྲེལ་ཟམ་ཡང་བཙུགས། པར་ཙིར་པོད་བདག་རྣམས་ཀྱིས་གཅིག་རྗེས་གཉིས་འཕྲོར་འདི་སྐད། ང་ཚོས་ལག་གི་བརྙན་མིག་བརྒྱུད་དེ་རྒྱལ་ཕྱིའི་དྲ་གྲོགས་རྣམས་ལ་བོད་སྨན་གྱི་རྒྱུད་འཛིན་དང་གསར་གཏོད་ཕྱོགས་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ངོམ་ནས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་ཁམས་གསོ་རིག་གནས་བརྒྱུད་སྒྲོག་བྱ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།