ཉེ་ལམ། མཚོ་སྔོ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། རང་ཞིང་གིས་ལས་གཞི་འཛུགས་སྐྲུན་དང་མ་ལག་སྒྲིག་འཛུགས། འཇོན་མི་གསོ་སྐྱོང་། ཚན་ཞིབ་འགག་སྒྲོལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ནུས་ཤུགས་ཡོད་རྒུས་མཐོ་སྒང་གསོ་རིག་གི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་བ་དང་། བདེ་ཐང་མཚོ་སྔོན་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་རོགས་ཤུགས་བཏོན།
རང་ཞིང་གིས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ལས་ཚན་ཁག་གི་སྨན་ཁང་དེ་ལས་གཞི་འཛུགས་སྐྲུན་གྱི་གཞི་རྟེན་སྨན་ཁང་དུ་བྱས་ནས། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱ་བར་འགན་ཁུར་བ་དང་། དུས་རིམ་དང་པོའི་འཛུགས་སྐྲུན་ལས་གཞི་དེ2024ལོའི་ཟླ6པར་ཡོངས་སུ་འགྲུབ་ནས་བེད་སྤྱོད་བྱས་ལ། དུས་རིམ་གཉིས་པའི་འཛུགས་སྐྲུན་ལས་གཞི་དེ་ད་ལོར་ཡོངས་འགྲུབ་བྱ་རྒྱུའི་འཆར་གཞི་ཡོད།
ནུས་ཤུགས་ཡོད་རྒུས་ཚན་ཞིབ་མ་ལག་བསྐྲུན་པ་དང་། མཐོ་སྒང་གསོ་རིག་ཞི་འཇུག་ལྟེ་གནས་ཀྱི་སྲོག་ཤིང་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ལ། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ཚན་སྨན་ཁང་སོགས་སྨན་བཅོས་ལས་ཁུངས་དང་ཚན་ཞིབ་ཁང་ཞིབ་འཇུག་མ་ལག་གི་གྲས་སུ་བཞག་ནས། རྨང་གཞིའི་ཞིབ་འཇུག་དང་ནད་ཐོག་ཞིབ་འཇུག ཀྲུང་བོད་ལུགས་གསོ་རིག་ཞིབ་འཇུག མཐོ་སྒང་གི་འགོས་ནད་ཚབས་ཆེན། ས་གནས་ཀྱི་ནད་རིགས་ཞིབ་འཇུག་བཅས་གཞི་གཅིག་ཅན་གྱི་རིག་ཚན་སྣ་མང་ཕྱོགས་བསྡུས་ཞིབ་འཇུག་སྟེགས་བུ་བསྐྲུན་པ་དང་། ཕྱོགས་ཡོངས་ནས་མཐོ་སྒང་གསོ་རིག་གི་ཞིབ་འཇུག་ནུས་པ་མཐོར་འདེགས་བཏང་།
ཀྲུང་གོ་གསོ་རིག་ཚན་རིག་གླིང་དང་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཁང་། ཀྲུང་གོའི་སྔོན་འགོག་གསོ་རིག་ཚན་རིག་ཁང་བཅས་ཀྱི་མཉམ་ལས་མཉམ་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་། ཡོན་ཧྲི་ཝུའུ་ཐེན་དབྱི་སོགས་སྣེ་ཁྲིད་མི་སྣའི་སྲོག་ཤིང་ནུས་པ་འདོན་སྤེལ་ལེགས་པོ་བྱས་པ་དང་། མཐོ་སྒང་གི་ནད་རིགས་དང་གློ་སྙིང་ནད། ཐུམ་འབུའི་ནད་སོགས་ནད་རིགས་ཀྱི་རྨང་གཞི་དང་ནད་ཐོག་ཚན་རིག་གནད་དོན་ལ་དམ་པོར་དམིགས་ནས། ཞིབ་འཇུག་ཁ་ཕྱོགས་གཙོ་བོ་གཅིག་བསྡུས་བྱས་པ་དང་། ཟུར་སྣེ་མང་པོའི་ཆུ་ཚད་མཐོ་བའི་ཞིབ་འཇུག་བྱས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འབུམ་རམས་པའི་ཚོགས་པ་དང་མཉེན་གཤིས་ནང་འགུག་འཇོན་མིའི་སྦྲེལ་ཟམ་སྦྲེལ་ཐག་ནུས་པ་འདོན་སྤེལ་བྱས་ཤིང་། དངོས་འཐབ་བརྒྱུད་དེ་ས་གནས་ཀྱི་འཇོན་མིའི་ཚན་ཞིབ་ནུས་པ་མགྱོགས་མྱུར་ངང་མཐོར་འདེགས་བཏང་ནས། གཞན་གྱི་རྗེས་སུ་འབྲངས་པ་དང་མཉམ་ལས་མཉམ་སྐྲུན་བྱེད་པ་ནས་མདུན་གྲལ་དུ་བསྐྱོད་པའི་དམིགས་འབེན་མངོན་དུ་འགྱུར་བར་བརྩོན་ལེན་བྱས།
མཐོ་སྒང་གསོ་རིག་གི་རྨང་གཞི་དང་ནད་ཐོག་ཞིབ་འཇུགས་ཟབ་སྤེལ་བྱས་ཏེ། དབྱང་དབུགས་དཀོན་པའི་ལུས་ཁམས་དང་མཐོ་སྒང་ལ་འཚམ་པའི་འགག་རྩའི་ལག་རྩལ་འགག་སྒྲོལ་སྤེལ། གློ་བའི་འཕར་རྩའི་གནོན་ཤུགས་དང་ཀླད་སྙིང་ཁྲག་རྩའི་ནད། གཉིད་མི་ཡོང་བ་སོགས་མཐོ་སྒང་གི་ཁྱད་ལྡན་ནད་རིགས་ལ་དམིགས་ནས། སྔོན་འགོག་དང་ནད་དཔྱད། སྨན་བཅོས། ལུས་གསོ་བཅས་བརྒྱུད་རིམ་ཧྲིལ་བོའི་ཐག་གཅོད་ཇུས་གཞི་བསྐྲུན། ཁོར་ཡུག་དང་སྐྱེ་ཁམས། བདེ་ཐང་བཅས་ཀྱི་མཐུན་སྦྱོར་འབྲེལ་བ་ལེགས་སྒྱུར་འཚོལ་ཞིབ་བྱས་པ་དང་། ཚེ་སྲོག་འཁོར་ཡུན་ཧྲིལ་བོའི་བདེ་ཐང་དོ་དམ་མ་ལག་བཙུགས། རིག་ཚན་འཛུགས་སྐྲུནལ་ཤུགས་བསྣན་པ་དང་། མཐོ་སྒང་གི་ནད་རིགས་སྔོན་འགོག་དང་སྨན་བཅོས་མ་ལག་འཐུས་ཚང་དུ་བཏང་སྟེ། ཚན་ཞིབ་གྲུབ་འབྲས་ཚུར་སྒྱུར་བེད་སྤྱོད་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་མཐོ་སྒང་ནད་རིགས་ཀྱི་གསོ་རིག་ལྟེ་གནས་རང་ཞིང་ནས་བསྐྲུན་ཐུབ་པར་བརྩོན་ལེན་བྱས།