ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཚོང་དོན་ཐིང་། ཁེ་ལས་གཙོ་བོ་ཁ་ཤས་བཅས་སུ་སོང་སྟེ་འཚམས་འདྲི་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་དང་། བཟོ་ལས་དཔལ་འབྱོར་གྱི་འཁོར་སྐྱོད། ནོར་སྲིད་འཁོར་སྐྱོད་དང་སྲིད་གཞུང་གི་དངུལ་བུན་དོ་དམ། འཛད་སྤྱོད་སྲིད་ཇུས་དངོས་འབེབས་དང་ཁེ་ལས་གཙོ་བོའི་ཐོན་སྐྱེད་བདག་གཉེར་ལ་སྐུལ་འདེད་བཏང་ཚུལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། 《མཚོ་སྔོན་ཞིང་ཆེན་དམངས་གཉེར་དཔལ་འབྱོར་སྐུལ་འདེད་སྲོལ་ཡིག་གི་འཆར་ཟིན》ཐད་གྲོས་གཞི་དང་བསམ་ཚུལ་བསྡུ་ལེན་བྱས་ཏེ་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་གཞིའི་བཅའ་ཁྲིམས་ལག་བསྟར་བྱེད་པ་གཙོར་བཟུང་སྟེ། འཆར་གཞིའི་ལས་འགན་དབྱེ་འབྱེད་དང་། འགུལ་རྣམ་ལྟ་ཞིབ་། དཔྱད་འཇོག་སྙོམ་སྒྲིག་གི་མུ་ཕྲེང་ཧྲིལ་བོའི་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚོད་འཛིན་རང་བཞིན་དང་དམིགས་ཚད་རང་བཞིན་གྱི་ལག་བསྟར་ཤུགས་དྲག་ཏུ་བཏང་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་དོན་འཁྱོལ་དངོས་འབེབས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས། དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། ཐག་གཅོད། འཐུས་མི་སོགས་ཀྱི་བྱ་བར་མུ་མཐུད་དུ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་བྱ་བའི་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། འཕེལ་རྒྱས་གྲུབ་འབྲས་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་གྱི་སྒོ་ནས་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོགས་པར་བྱེད་དགོས། ནོར་སྲིད་ལྟ་སྐུལ་ལས་ཤེས་རྟོགས་བྱུང་བའི་འབུར་ཐོན་གནད་དོན་ལ་ཁ་གཏད་ནས་ནུས་ལྡན་གྱི་བྱེད་ཐབས་གཏན་འབེབས་བྱས་ཏེ། སྲིད་ཇུས་མཐུན་སྦྱོར་ཤུགས་དྲག་ཏུ་བཏང་ནས་དཔལ་འབྱོར་གྱི་རྨང་རྐང་ཇེ་བརྟན་དུ་བཏང་ཞིང་། མཁོ་འདོན་སྦས་ཤུགས་སྔོག་འདོན་ཟབ་མོ་བྱས་པར་བརྟེན་ནང་གནས་འཕར་བའི་སྒུལ་ཤུགས་བསྐྱེད་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་།
རྟོག་ཞིབ་ཚན་ཆུང་གིས་བླང་བྱ་བཏོན་དོན། རྨང་གཞིའི་བྱ་བ་ཞིབ་ཚགས་དང་གཏིང་ཟབ་ཏུ་བསྒྲུབ་སྟེ། སྡེ་ཁག་བར་གྱི་མཐུན་སྦྱོར་མཉམ་ལས་ཤུགས་དྲག་ཏུ་གཏོང་བ་དང་། རྒྱུ་རྐྱེན་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ནུས་ཤུགས་གཅིག་སྡུས་ཀྱིས་ལྗང་གློག་མཐུན་སྦྱོར་སོགས་ཀྱི་བཀག་རྐྱེན་སེལ་བ། ལྗང་གློག་ཐད་འབྲེལ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། རྣམ་གྲངས་གལ་ཆེན་གྱི་སྔོན་སྐབས་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སྒྱུར་དང་། སྲིད་དོན་དང་ཁེ་ལས་ཀྱི་རྒྱུན་རྣམ་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁེ་ལས་ཀྱི་དགོས་མཁོ་དང་གནད་འཁེལ་སྦྲེལ་མཐུད་བྱེད་པ། དོན་དངོས་ཀྱི་དཀའ་ཁག་དངོས་གནས་ཐག་གཅོད་བྱེད་པ་དང་གྲུབ་འབྲས་དཔྱད་འཇོག་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ལས་འཛིན་ལས་གཏོད་ཀྱི་ནང་གནས་སྒུལ་ཤུགས་བསྐྱེད་དགོས།