ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་བྱེད་པའི་འཇོན་མིར་དགའ་བསུ་བྱེད་པའི་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ8པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཚོ་ཤར་གྲོང་ཁྱེར་དུ་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་བྱེད་པའི་འཇོན་མིར་དགའ་བསུ་བྱེད་པའི་ཚོགས་འདུ་བསྡུས་ཏེ། གསར་དུ་ཐོན་པའི་མཚོ་སྔོན་ལ་རོགས་བྱེད་པའི་འཇོན་མི51ལ་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། སྐོར་ཐེངས་དྲུག་པའི་མཚོ་སྔོན་ལ་རོགས་བྱེད་པའི་ལས་བྱེད་འཇོན་མིའི་སྤྱི་ཁྱབ་སྣེ་ཁྲིད། པེ་ཅིང་དང་ཧྲང་ཧའེ། ཐེན་ཅིན་གྱི་མཚོ་སྔོན་ལ་རོགས་བྱེད་པའི་སྤྱི་ཁྱབ་སྣེ་ཁྲིད། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། མཚོ་ཤར་གྲོང་ཁྱེར། ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཞིང་ཆེན་ཏང་ཨུ་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་རོགས་སྐྱོར་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། མཚོ་སྔོན་ལ་རོགས་བྱེད་པའི་དཔུང་ཁག་ལ་ཐུགས་ཁུར་དང་ཡིད་ཆེས་ཆེན་པོ་བཅངས་ཡོད། གསར་དུ་ཐོན་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིས་ཆབ་སྲིད་ལངས་གནས་མཐོན་པོ་དང་དཔུང་ཁག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ལས་རྣམ་བརྗེ་སྒྱུར་མྱུར་དུ་གོམས་པར་བྱས་ནས་རོགས་སྐྱོར་ལས་ཁུངས་སུ་ཡོངས་སུ་འདྲེས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འགན་ཡུན་གཅེས་འཛིན་ནན་མོ་བྱེད་པ། དངོས་གཉེར་དང་ཁག་ཁུར་མཐའ་འཁྱོལ་བྱེད་པ། ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། རོགས་སྐྱོར་མཁན་དང་རོགས་སྐྱོར་བྱ་ཡུལ་ས་གནས་གཉིས་བར་མཐུན་སྦྱོར་གྱི་འབྲེལ་ཟམ་བཙུགས་ཏེ། ས་གནས་ཀྱི་འཇོན་མིའི་དཔུང་ཁག་ཅིག་ཤུལ་དུ་བསྐྱུར་ནས་རང་ནུས་ཅི་ལྕོག་སྒོས་མཚོ་སྔོན་གྱི་དགོས་མཁོར་ཞབས་འདེགས་ཞུ་རྒྱུའི་རེ་བ་ཡོད་པ་བསྟན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིས་སྒྲིག་སྲོལ་གྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། བླ་ན་མེད་པའི་བྱེད་ཕྱོགས་ཤིག་ལ་སྦྱོང་བརྡར་ཐོབ་པར་བྱེད་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་དང་སྒྲིག་ཁྲིམས་ཀྱི་བདེ་འཇགས། སྲིད་གཙང་གི་བདེ་འཇགས། ལུས་ཕུང་གི་བདེ་འཇགས། འགྲིམ་འགྲུལ་གྱི་བདེ་འཇགས་བཅས་དུས་ནམ་ཡང་ནན་མོར་སྲུང་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིའི་སྣང་བརྙན་བཟང་པོ་ཞིག་བསྐྲུན་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོར་མིར་ཞབས་ཞུའི་འགན་སྲུང་ཡག་པོར་སྒྲུབ་སྟེ། སྲིད་ཇུས་ཀྱི་ལྟ་སྐྱོང་དངོས་འབེབས་བྱེད་པ་དང་འབྲེལ་གཏུག་ཕྱིར་བཅར་སྲུང་འཛིན་བྱེད་པ། ནུས་ཡོད་ཀྱི་བྱེད་ཐབས་རེ་རེར་བརྟེན་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིས་སེམས་བདེ་མོའི་ངང་བྱ་བ་སྒྲུབ་པ་དང་བློ་བདེ་བའི་ངང་འཚོ་བ་རོལ་ཐུབ་པར་བྱེད་དགོས།

ཚོགས་ཐོག་ཏུ། སྐོར་ཐེངས་གསར་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིའི་འཐུས་མི་དང་འབྲེལ་ཡོད་ལས་ཁུངས་ཀྱི་འཐུས་མིས་བརྗེ་རེས་གཏམ་བཤད་བྱས། ཚོགས་འདུའི་རྗེས་སུ། སྐོར་ཐེངས་གསར་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིས་བཞུགས་མོལ་བརྗེ་རེས་བྱས་པར་མ་ཟད་ཞིང་ཆེན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།