ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་གྲོས་གཞི་སྒྲུབ་སྐུལ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་སྟེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྐབས་སུ་འཐུས་མི་ཝང་ཧྲེན་ཅང་གིས་བཏོན་པའི《མཚོ་སྔོན་གྱི་ནོར་གནག་རྒྱུད་བཟང་སྲུང་སྐྱོབ་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི (ཨང་རྟགས262009)》དོན་འཁྱོལ་བྱས་པའི་གནས་ཚུལ་གཙོར་བཟུང་ནས་སྒྲུབ་སྐུལ་ཞིབ་བཤེར་བྱས།
སྒྲུབ་སྐུལ་ཚན་ཆུང་མཚོ་སྔོན་ཞིང་ཆེན་གྱི་ནོར་གནག་གསོ་སྤེལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་དང་། མདོ་ལ་རྫོང་གི་འབྲོང་ལུང་ཞང་སྤེན་མ་སྡེ་བའི་ནོར་གནག་ཁྲི་ཡི་ཚད་གཞི་ཅན་གྱི་གསོ་སྤེལ་རྟེན་གཞི་སོགས་སུ་སོང་སྟེ། ཞིང་ཆེན་ཡོངས་ཀྱི་ནོར་རྒྱུད་ནོར་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ཡུལ་དངོས་ནས་རྒྱུས་ལོན་བྱས་ཤིང་། བཞུགས་མོལ་བརྗེ་རེས་བྱས་ལ། འབྲེལ་ཡོད་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ་བར་ཉན་པར་མ་ཟད། འཐུས་མིའི་ལས་སྒྲུབ་གནས་ཚུལ་ཐད་བསམ་ཚུལ་ཅི་ཡོད་བསྡུ་ལེན་བྱས།
སྒྲུབ་སྐུལ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ནོར་གནག་ནི་མདོ་དབུས་མཐོ་སྒང་དུ་འཚོ་བའི་ཁྱད་ལྡན་ཕྱུགས་རིགས་ཤིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་གཅིག་འདོམས་དང་། ཆ་སྡེབ་རྒྱབ་སྐྱོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ས་གནས་ཀྱི་ནོར་གནག་རྒྱུད་བཟང་འཕེལ་རྒྱས་ཀྱི་དགེ་མཚན་ཇེ་བརྟན་དུ་གཏོང་དགོས་ལ། རྒྱུད་བཟང་ཐོན་ཁུངས་ཞིབ་འཇུག་གསར་སྤེལ་དང་གསོ་སྤེལ་གྱི་རང་བདག་དབང་ཆ་སྟངས་འཛིན་བྱས་ནས། ཐོན་ལས་ཡུན་རིང་ཞིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁག་ཐེག་བྱེད་དགོས། ཚན་རྩལ་གྱི་བྱེད་ནུས་ཤུགས་དྲག་ཏུ་བཏང་སྟེ། དེང་རབས་ལག་རྩལ་ལ་བརྟེན་ནས་རྒྱུད་བཟང་ཐོན་ཁུངས་སྲུང་སྐྱོབ་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། རྒྱུད་སྤེལ་གྱི་སྲོག་ཤིང་ལག་རྩལ་ཐད་ཀྱི་འགག་སྒྲོལ་ལ་ཤུགས་སྣོན་པ། རྟ་ཐང་གི་ནོར་གནག་རྒྱུད་བཟང་ཁྱབ་གདལ་གྱི་ཡོངས་ཁྱབ་རང་བཞིན་རྒྱུད་མཐུད་ངང་རྒྱ་བསྐྱེད་དགོས། སྲུང་སྐྱོབ་དང་གསོ་སྤེལ། རྒྱུད་སྤེལ། ཁྱབ་གདལ་བཅས་མུ་ཕྲེང་ཧྲིལ་བོའི་འཕེལ་རྒྱས་མ་ལག་གྲུབ་པར་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོགས་བདག་གཉེར་བྱེད་པོ་གསར་བ་གསོ་སྐྱོང་བྱས་ནས། རྒྱུད་བཟང་ཚོགས་དགར་གྱི་ཚད་གཞི་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་དགོས། ནོར་སྲིད་དང་དངུལ་རྩ། འགན་བཅོལ་རྒྱབ་སྐྱོར་བཅས་ཀྱི་ཤུགས་ཚད་ཆེ་རུ་བཏང་སྟེ། རྐྱེན་སྲོལ་བཙུགས་ནས་རྒྱུད་བཟང་སྲུང་སྐྱོབ་ཀྱི་ཆེད་དོན་གསབ་དངུལ་སྙོམ་སྒྲིག་བྱེད་པ་དང་། སྲོག་ཤིང་དུ་གྱུར་པའི་རྒྱུད་སྤེལ་རིགས་སྣ་གཏན་འཇགས་སུ་གཏོང་དགོས། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱ་བ་ཞིབ་ཚགས་སུ་བཏང་སྟེ། མ་རྩ་དམའ་བའི་རྒྱུད་སྤེལ་ལག་རྩལ་གསར་བ་མྱུར་དུ་དོན་འཁྱོལ་བྱེད་པ་དང་། ས་གནས་ཀྱི་གསོ་སྤེལ་འཇོན་མིའི་དཔུང་ཁག་སྟོབས་ཆེར་བསྐྲུན་དགོས། དྲོད་ཁང་དང་གཟན་རྩྭ་མཁོ་འདོན་སོགས་ཆ་སྡེབ་ཐོན་ལས་ཀྱི་འདེགས་སྐྱོར་འཐུས་ཚང་དུ་བཏང་སྟེ། རང་བརྟེན་གྱི་ནོར་གནག་རྒྱུད་སྤེལ་ཚད་གཞིའི་མ་ལག་མྱུར་དུ་གྲུབ་པར་བྱས་ནས། ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།