ཟླ8པའི་ཚེས23ཉིན། རྒྱལ་ཡོངས་དབང་བོ་སྐྱོན་ཅན་སྔོན་འགོག་ཉིན་མོ་ཐེངས་བཅུ་པ་སླེབས་ལ་ཉེ་དུས། མཚོ་སྔོན་ཞིང་ཆེན་གྱིས་དབང་སྐྱོན་སྔོན་འགོག་གི་འགུལ་སྐྱོད་ལག་བསྟར་བྱེད། བདེ་ཐང་ཀྲུང་གོ་མཉམ་བསྐྲུན་མཉམ་སྤྱོད་བྱེད་ཅེས་པ་བརྗོད་དུ་བཟུང་ནས་དབང་སྐྱོན་སྔོན་འགོག་ཉིན་མོ་ཐེངས་བཅུ་པའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་འགོ་བརྩམས། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཁའེ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་འགོ་རྩོམ་བྱེད་སྒོར་ཞུགས།
ཐེངས་འདིའི་བྱེད་སྒོ་ནི་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་སོགས་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་སྤེལ་ཞིང་། བྱེད་སྒོའི་ཡུལ་དངོས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་བརྩེ་བ་དང་དྲོད་ཁོལ་གྱིས་ཁྱབ་ཡོད། ཡུལ་དངོས་ནས་དབང་བོ་སྐྱོན་ཅན་གྱི་འཐུས་མིར་རམ་འདེགས་ཡོ་བྱད་གཅིག་སྡུས་སྒོས་བྱིན་པ་དང་། 《སྤྱི་ཕན་ཞལ་འདེབས་ཀྱི་གྲོས་གཞིའི་ཡི་གེ》སྒྲོག་འདོན་བྱས། ཟི་ལིང་ནགས་ཚལ་རྒྱལ་པོ་ཁོར་ཡུག་ཚན་རྩལ་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ཅེ་སིན་ཁའེ་ཚོང་གཉེར་ཚད་ཡོད་ཀུང་སི་སོགས་བྱམས་སྐྱོང་ཁེ་ལས་ཀྱིས་ཡུལ་དངོས་ཞལ་འདེབས་ཕུལ། བྱེད་སྒོ་སྤེལ་བའི་དུས་མཉམ་དུ་སྲིད་ཇུས་སྒྲོག་བཤད་དང་། སྤྱི་ཕན་བརྟག་བཅོས། བྱམས་བརྩེ་འོས་འཚོང་། གེགས་མེད་སྒྲིག་བཀོད་ཉམས་ལེན་སོགས་ཁྱད་ལྡན་བྱེད་སྒོ་སྤེལ་ཞིང་། དངོས་ཞུགས་ཀྱི་མྱོང་སྣང་དང་ཁ་གཏད་རང་བཞིན་གྱི་དྲིལ་སྒྲོག་ཞབས་ཞུ་བརྒྱུད་དེ། མང་ཚོགས་ཀྱིས་དབང་སྐྱོན་སྔོན་འགོག་གི་ཤེས་བྱ་དང་། དབང་བོ་སྐྱོན་ཅན་ལ་རོགས་རམ་དང་དེར་ཕན་པའི་སྲིད་ཇུས། གེགས་མེད་འཛུགས་སྐྲུན་གྱི་གྲུབ་འབྲས་བཅས་ལ་ཆ་རྒྱུས་ཡོད་པར་བྱས།
རྒྱུས་ལོན་ལྟར་ན། 2025ལོར། ཞིང་ཆེན་ཡོངས་སུ་དབང་བོ་སྐྱོན་ཅན་ཁྲི་གསུམ་དང་སྟོང་བཞི་བདུན་བརྒྱ་ཡིས་བདེ་ཐང་སླར་གསོའི་སྦྱོང་བརྡར་དང་། རམ་འདེགས་ཡོ་ཆས་འོས་སྒྲིག་སོགས་ཀྱི་གནད་འཁེལ་ཞབས་ཞུ་མྱོང་ཐུབ་པར་བྱས་ཤིང་། བདེ་ཐང་སླར་གསོའི་ཞབས་ཞུའི་ལས་ཆོད་དང་རམ་འདེགས་ཡོ་ཆས་འོས་སྒྲིག་བྱེད་ཚད་བརྒྱ་ཆའི་གོ་དགུ་ཡན་དུ་སྲུང་འཛིན་བྱས་ཡོད། དབང་སྐྱོན་བྱིས་པ27གྱིས་མིས་བཟོས་རྣ་འཁྱིལ་འཇོག་པའི་སྲིད་ཇུས་ལ་བརྟེན་ནས་ཡང་བསྐྱར་སྒྲའི་འཇིག་རྟེན་ལོངས་སུ་སྤྱོད་ཐུབ་པར་བྱས། ཞིང་ཆེན་ཡོངས་སུ་བདེ་ཐང་སླར་གསོའི་རམ་འདེགས་ཡོ་ཆས་སྡེ་ཁུལ་ནས་ཕྱིར་གླས་ཆོག་པའི་ས་ཚིགས65བསྐྲུན་པ་དང་། རྫོང་རིམ་པར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། རྫོང་རིམ་པའི་རམ་འདེགས་ཡོ་ཆས་འོས་སྒྲིག་ཉམས་ལེན་ལྟེ་གནས་ཐོག་མ་ཟི་ལིང་མཁར་ནུབ་ཆུས་ནས་བཙུགས་ཏེ། སྔོན་ལ་ཉམས་ལེན་དང་རྗེས་སུ་འོས་སྒྲིག་བྱེད་པའི་ཞབས་ཞུའི་རྣམ་པ་གསར་དུ་བཏོད།