“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་དེ་མཉམ་རྒྱལ་གྱི་ལམ་བུ་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱིས་དོ་སྣང་བྱེད་པ་ནི་སྟོབས་ཤུགས་གཅིག་སྒྲིལ་དང་། ཕན་ཚུན་ལ་རོགས་རམ་བྱ་རྒྱུ་དེ་ཡིན་ལ། གོང་བཀུར་བྱ་ཡུལ་ནི་རང་ཉིད་ཀྱིས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་མི་གཞན་ལའང་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་རྒྱུ་དེ་ཡིན་ཞིང་། ལག་ལེན་དུ་བསྟར་བ་ནི་མཉམ་སྦྲེལ་མཉམ་མཐུད་དང་།  གཉིས་ཁེ་གཉིས་ཕན་ཡིན་ལ། དོན་གཉེར་བྱ་ཡུལ་ནི་ཐུན་མོང་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་ཡོང་རྒྱུ་དེ་ཡིན། ”ད་ལོ་ནས་བཟུང་། རྙོག་འཛིང་ཆེ་བའི་ཕྱིའི་ཁོར་ཡུག་གི་མདུན་དུ། རང་རྒྱལ་གྱིས་མཉམ་སྐྲུན་རྒྱལ་ཁབ་དང་ལག་གདང་སྦྲེལ་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་རྒྱལ་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད།

ད་ལྟ། སའི་གོ་ལའི་ཕྱེད་ལྷོ་མར་གནས་པའི་ཆི་ལི་དགུན་དུས་ཡིན་ཕྱིར། ཆར་ཆེན་དང་ཁངས་ཆེན། གྲང་རླབས་ཆེ་བ་སོགས་ཀྱི་ཐལ་དྲག་གནམ་གཤིས་འབྱུང་བཞིན་ཡོད་ལ། ལོ་རེའི་སྐབས་འདིར། གློག་དྲའི་འཁོར་སྐྱོད་གནོན་ཤུགས་ཆེན་པོར་འཕྲད་ཡོད།  ཡིན་ཡང་ད་ལོར། ས་གནས་ཀྱི་གློག་ཤུགས་ཀུང་སིས་ཀྲུང་གོའི་རིག་ནུས་ཉེན་ཟོན་མ་ལག་སྤྱད་པ་དེས།  རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ340ལྷག་གི་གནམ་གཤིས་གནས་ཚུལ་ལ་དུས་ཐོག་ཏུ་དབྱེ་ཞིབ་བྱས་ནས། གློག་དྲར་སྔོན་ཚུད་ནས་ཉེན་ཁའི་གནས་བརྡར་གཅོད་བྱེད་རོགས་བྱེད་ཐུབ།

ཉེ་རྒྱང་ཀུན་ཐུན་མོང་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་སོ་སོར་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ལ་ཕན་ཁེ་བསྐྲུན་པའི“བདེ་སྐྱིད་ཀྱི་ལམ་བུ”རྒྱ་བསྐྱེད་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པའི་རྩ་བའི་འགོ་རྩོམ་ས་དང་གཞི་ཚུགས་ས་ཡིན། 2013ལོར་གྲོས་འགོ་བཏོན་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུར་ཐེངས་བཞིར་ཞུགས་པ་དང་། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྟེང་ཐེངས་གསུམ་ལ་ཞུགས།

གྲོས་འགོ་བཏོན་མ་ཐག་པའི་སྐབས་སུ་སྲིད་ཇུས་འབྲེལ་གཏུག་དང་སྒྲིག་བཀོད་མཉམ་སྦྲེལ། ཉོ་ཚོང་གེགས་མེད། དངུལ་རྩ་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ཀྱི་འཆར་འགོད་བཟོས་པ་ནས། “རྒྱུད་གཅིག་ལམ་གཅིག”དེ“དོན་གཞི་ཆེན་པོ”ནས“བཟོ་རྩལ་རི་མོའི”ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་བར་དང་། ཚད་གཞི་མཐོན་པོ་དང་དམངས་འཚོར་ཕན་པ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་དམིགས་འབེན་བཏོན་པ་ནས།  བདེ་ཐང་དང་ལྗང་མདོག གྲངས་འཛིན། གསར་གཏོད་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་རྒྱ་བསྐྱེད་པའི་བར། འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ་རུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ཁ་ཕྱོགས་སྟངས་འཛིན་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”དེ་གསེར་མདོག་གི་ལོ་བཅུ་རུ་བསྐྱོད་པར་སྐུལ་འདེད་གཏོང་བར་འོད་སྟོང་ལྡན་པའི་མདུན་ལམ་བསྐྲུན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོས་འགོ་དང་བཀོད་སྒྲིག་འོག “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་ཆེན་པོ་བྱུང་།  མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་དང“ཆུང་ཞིང་མཛེས་པའི”དམངས་འཚོའི་ལས་གཞི་སྐོར་ཞིག་དོན་འཁྱོལ་བྱས་ཏེ།  ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན། དུས་ད་ལྟ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་རྒྱལ་ཁབ150ལྷག་དང་རྒྱལ་སྤྱིའི་རྩ་འཛུགས30ལྷག་ཞུགས་པར་ཡིད་དབང་བཀུག་སྟེ།  མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྒྲིག་འཛུགས་བྱེད་པར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར།

དབྱར་ཁ་འདིར། ཟིན་ཐོ་བརྒལ་བའི་ཚ་རླབས་ཡོ་རོབ་གླིང་དུ་ཁྱབ། ཞི་ཨན་རྒྱལ་སྤྱིའི་གྲུ་ཁའི་ས་ཚིགས་སུ། དྲོད་སྙོམས་འཕྲུལ་འཁོར་གྱིས་ཁེངས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་བྲེལ་མྱུར་ངང་གཏོང་འགོ་བརྩམས། སྔོན་དང་མི་འདྲ་ས་ནི། དུས་གཏན་མེ་འཁོར་དེ་དག་བརྒྱུད་རིམ་ཧྲིལ་པོའི་དུས་ཚོད་རེའུ་མིག་ལྟར་འཁོར་སྐྱོད་བྱས་ཏེ། མེ་འཁོར་ཐེངས་གྲངས་གཏན་འཁེལ་དང་ལམ་ཐིག་གཏན་འཁེལ། སྐོར་ཐེངས་གཏན་འཁེལ་བྱས་པས། ཞི་ཨན་ནས་འཇར་མན་གྱི་ཏུའུ་དབྱི་སི་པའོ་བར་ཆེས་མགྱོགས་ན་ཉིན11རིང་ཐོན་ཐུབ་ལ། དུས་ཡུན་སྤྱིར་བཏང་གི་དུས་གཏན་མེ་འཁོར་ལས་ཧ་ལམ30%ཡིས་མགྱོགས།

སྔོན་གྱི་ཟླ་བདུན་ལ། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཁྱོན་སྡོམ་ཐེངས12988བཏང་བ་དེ་ན་ནིང་གི་དུས་མཉམ་ལས17.6%འཕར། ལོ་སྟོད་དུ“བར་སྣང་དར་གོས་ཚོང་ལམ”གྱི་གནམ་གྲུ་གཏོང་ཐེངས་ཆིག་འབུམ་དགུ་ཁྲི་ལས་བརྒལ། “མཚོ་ཐོག་

དར་གོས་ཚོང་ལམ”གྱི་མིང་བཏགས་མཁའ་ལམ148ལ་སླེབས་ནས། རྒྱལ་ཁབ་དང་ས་ཁུལ48ཀྱི་གྲུ་ཁ150ཤར་གཏོང་བྱས། སྐམ་མཚོ་མཁའ་གསུམ་དང་དྲ་བ་བཅས“གནས་བཞི་གཞི་གཅིག”གི་མཉམ་སྦྲེལ་མཉམ་མཐུད་ཀྱི་བཀོད་པ་མགྱོགས་མྱུར་ངང་འཐུས་ཚང་དུ་འགྲོ་བཞིན་ཡོད།

སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྤུས་འདེགས་རིམ་སྤོར་བྱས་པ་དང་ཆབས་ཅིག གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་བརྟན་རླིང་ངང་རྒྱ་བསྐྱེད། ཕ་ཁི་སི་ཐན་གྱི་ཞིང་སྡེ་རུ་མི་རྣམས་ཀྱིས་འོད་བརྟེན་པང་ལེབ་སྤྱད་དེ་ཉི་ནུས་གློག་འདོན་དང་ནུས་གསོག་མ་ལག་སྒྲིག་སྦྱོར་བྱས་པས། རྒྱུན་ལྡན་གྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད་ད་རུང་ཞིང་ཆུ་འདྲེན་པར་བཀོལ་ཆོག

སྔོན་གྱི་ཟླ་བདུན་ལ། རང་རྒྱལ་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་“དཔེ་གསར་གསུམ་”གྱི་ཐོན་རྫས་ཕྱིར་གཏོང་གཞི་ཁྱོན་སྒོར་ཁྲག་ཁྲིག་བཞི་ཐེར་ཆེན་བརྒྱད་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་བཞི་ལ་སླེབས་ནས། ན་ནིང་གི་དུས་མཉམ་ལས59.8%འཕར་ཡོད།

ལྗང་མདོག་མཉམ་ལས་ཀྱིས་ནུས་ཁུངས་དཀའ་གནད་སེལ་བ་དང་གྲངས་འཛིན་ལག་རྩལ་གྱིས་གསར་གཏོད་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་ཕྱེས།

མ་ལེ་ཞི་ཡ་རུ། སྲོལ་རྒྱུན་གྱི་འགྱིག་བཟོ་གྲྭས་ཀྲུང་གོའིAIརྩི་ཐབས་དང་བཟོ་ལས་འཕྲུལ་མི་སྤྱད་དེ། ཐོན་སྐྱེད་མ་རྩ30%ཆག་ཡོད། ཅེ་ཁེ་རུ། ཀྲུང་གོའི་བརྙན་འཕྲིན་བཟོ་སྐྲུན་ཁེ་ལས་ཀྱིས་རིག་ནུས་མཁོ་སྤྲོད་མུ་ཕྲེང་དོ་དམ་ལས་སྟེགས་བརྒྱུད། ས་གནས་ཀྱི་མཁོ་འདོན་ཚོང་པ30ལྷག་མཉམ་དུ་ཞིབ་འཇུག་གསར་སྤེལ་ནང་ཞུགས་པ་དང་ཐོན་རྫས་རིམ་འཇུག་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ནས། མཁོ་འདོན་ཚོང་པའི་བཟོ་སྐྲུན་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།

ད་ལོའི་དབྱར་ཁར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནས་ནང་འདྲེན་བྱས་པའི་ཀླད་སིལ་འབོར་ཆེན་ཞིག་སྔར་ལས་བདེ་བའི་རིན་གོང་གིས་ཀྲུང་གོའི་མང་ཚོགས་ཀྱི་གསོལ་ཅོག་སྟེང་ཐོན་ཡོད། ཀླད་སིལ་མ་ཟད། ཁུ་པའི་རང་བྱུང་སྦྲང་རྩི་དང་ཁེན་ནི་ཡའི་རྒྱ་སེ་མེ་ཏོག་སོས་པ་ནས། ཐུར་ཁེའི་ལག་ཤེས་ས་གདན་བར། མཉམ་སྐྲུན་རྒྱལ་ཁབ་ཀྱི་སྤུས་ལེགས་ཚོང་ཟོག་དེ་བས་མང་པོས“རྒྱུད་གཅིག་ལམ་གཅིག”བརྒྱུད་དེ་ཀྲུང་གོའི་ཁྲོམ་ར་བཏོད་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་བཞིན་ཡོད། སྔོན་གྱི་ཟླ་བདུན་ལ། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ནང་འདྲེན་བྱས་པའི་ཚོང་ཟོག་བསྡོམས་འབོར་ན་ནིང་གི་དུས་མཉམ་ལས16.9%འཕར་ནས། ཕྱིར་གཏོང་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་གནས2.3གྱིས་མཐོ།

མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ཏེ། ཀྲུང་གོས་མཉམ་སྐྲུན་རྒྱལ་ཁབ་དང་མཉམ་དུ། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་མང་པོ་སྣོན་བཞིན་ཡོད་པ་མ་ཟད། མཉམ་སྐྲུན་རྒྱལ་ཁབ་ཀྱི་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་བཞིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།