ཟླ8པའི་ཚེས21ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་འབྱོར་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཉེ་ཆར2026ལོའི་ཨང3པའི་སྤྱི་ཁྱབ་ནགས(རྩྭ)དཔོན་གྱི་བཀའ་རྒྱ་བསྒྲགས་ཤིང་། འདབ་ཆགས་རིགས་ལ་སྲུང་སྐྱོབ་དང་། རི་སྐྱེས་སྲོག་ཆགས་ལ་གནོད་པ་ཐེབས་པར་འགོག་སྡོམ་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ་བཅས་སྲོག་ཤིང་གཙོ་བོ་གསུམ་དུ་བཟུང་སྟེ། སྔར་ལས་ལྷག་པར་རིམ་པ་སོ་སོའི་ནགས(རྩྭ)དཔོན་གྱི་འགན་འཁྲི་དངོས་འབེབས་བྱས་ནས། འདབ་ཆགས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ལ་གནོད་པ་ཐེབས་པ་འགོག་སྡོམ་བྱེད་པའི་ཐག་གཅོད་བྱ་བ་ལེགས་པོར་བསྒྲུབ་སྟེ། ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་རེད།
རིམ་པ་སོའི་ནགས(རྩྭ)དཔོན་གྱིས་འདབ་ཆགས་སྲུང་སྐྱོབ་བྱ་བ་དེ་ལས་འགན་ལག་བསྟར་གྱི་ནང་དོན་གཙོ་བོར་འཇོག་དགོས་ལ། མངའ་ཁོངས་ཀྱི་འདབ་ཆགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ནན་ཏན་གྱིས་འཁུར་ནས། ཕྱོགས་ཡོངས་ནས་འདབ་ཆགས་ཐོན་ཁུངས་དང་འཚོ་གནས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས། གྲོང་ཁྱེར(ཁུལ)དང་། རྫོང་རིམ་པ་གཉིས་ཀྱིས་རི་སྐྱེས་སྲོག་ཆགས་རྩི་ཤིང་སྲུང་སྐྱོབ་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས། ནགས་རྩྭ་དང་། སྤྱི་བདེ། ཁྲོམ་རའི་ལྟ་སྐུལ་སོགས་ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བྱེད་དགོས་ཤིང་། གཞི་རིམ་ནགས(རྩྭ)དཔོན་གྱི་ནུས་པ་བླ་ལྷག་ཏུ་བཏོན་ཏེ། གོང་འོག་མཉམ་འགུལ་དང་། མཉམ་འཛིན་མཉམ་སྡོམ་གྱི་བྱ་བའི་སྒྲིལ་ཤུགས་གྲུབ་ཏུ་འཇུག་དགོས། སྤྱོད་གཙང་དང་། དྲ་ཕུབ། མཚོ་སྔོན་ཞིང་ཆེན་གྱི་འདབ་ཆགས་སྲུང་སྐྱོབ་འགུལ་སྐྱོད་དང་ཁྲིམས་འགལ་བྱ་རིགས་རྔོན་འཛིན་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བ་སོགས་ཀྱི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་སྒོས་སྤེལ་ནས། ཁྲིམས་འགལ་གྱིས་བྱ་རིགས་རྔོན་འཛིན་དང་། ཕྱིར་འཚོང་། ཉོ་སྒྲུབ། སྐྱེལ་འདྲེན། བཟའ་བ་སོགས་ཀྱི་ཁྲིམས་འགལ་ཉེན་གསོག་བྱ་བར་རྡུང་རྡེག་ནན་མོ་གཏོང་དགོས། དུས་མཉམ་དུ། འཚོ་གནས་སྲུང་སྐྱོབ་ལ་ཤུགས་བསྣན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མཚོ་སྔོན་པོ། མདོ་ལ་རི་བོ། ཚྭ་འདམ་གཞོང་ཡུལ་སོགས་འདབ་ཆགས་འཚོ་གནས་དང་། སྐྱེ་འཕེལ་ས་ཆ། དགུན་སྐྱེལ་ས་ཆ། གནས་སྤོའི་རྒྱུ་ལམ་གཙོ་བོ་དག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། སྐྱེ་ཁམས་དོ་དམ་པས་སྐོར་སྲུང་དང་རབ་གསལ་བརྙན་མིག་ལྟ་རྟོག་བྱེད་པའི་ལྟ་ཞིབ་ཚད་ལེན་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། ཧུར་ཐག་གིས་འདབ་ཆགས་འཚོ་གནས་གཙོ་བོ་དང་གནས་སྤོའི་རྒྱུ་ལམ་གྱི་སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་བཏང་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་འདབ་ཆགས་རིགས་ཁྱུའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱ་བ་བསྒྲུབ་རྒྱུ་རེད།
རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། ཆེད་དོན་སྔོན་འགོག་ཚོད་འཛིན་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུའི་ཇུས་འགོད་ཧུར་ཐག་བྱས་ཏེ། གནོད་འཚེ་ཐོན་མང་བའི་ས་ཁོངས་སུ་རིག་ནུས་ལྟ་ཞིབ་ཚད་ལེན་དང་། དབྱེ་འབྱེད། སྔོན་ཚུད་ཉེན་བརྡའི་སྒྲིག་ཆས་འཛུགས་པ་དང་། འགོག་སྲུང་ར་བ་དང་ལོགས་བཀར་སྲུང་ཡོལ་སོགས་དངོས་པོའི་འགོག་སྲུང་སྒྲིག་བཀོད་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་བྱས་ཏེ། "ལག་རྩལ་འགོག་སྲུང་དང་། དངོས་འགོག མིས་འགོག"བཅས་ཀྱི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་གཏོང་དགོས། འཕྲལ་བསྟུན་ཐག་གཅོད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སྲོག་ཆགས་ཀྱི་གནོད་འཚེ་སྔོན་འགོག་བྱེད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཇེ་ཉུང་དུ་བཏང་སྟེ། 《མཚོ་སྔོན་ཞིང་ཆེན་གྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱིས་མི་ཤི་རྨས་དང་རྒྱུ་ནོར་གྱོང་གུན་བཟོས་པའི་འགན་བཅོལ་སྐྱིན་ཚབ་སྤྲོད་རྒྱུའི་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕྱོགས་སྟོན》ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་བྱས་ནས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུ་རེད།
དེ་དང་ལྷན་དུ། ཕྱོགས་ཡོངས་དང་། རིམ་པ་མང་བ། རྒྱུན་ལྡན་ཅན་བཅས་སུ་འགྱུར་བའི་སྒོ་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས་ཁྱབ་གདལ་ལས་ཀ་སྒྲུབ་པ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ལག་བསྟར་གཏིང་ཟབ་བྱེད་པ། མཚམས་ཚིགས་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས་འཛིན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་མ་ཟད། གླེང་ཕྱོགས་ལ་ལྟ་ཞིབ་ཚད་ལེན་དང་། ཞིབ་འཇུག་བརྡར་གཅོད། ཁྲིད་སྟོན་བཅས་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ཨ་ལན་སྟེར་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དོན་དངོས་མིན་པའི་ཆ་འཕྲིན་ཐག་གཅོད་བྱ་རྒྱུ་རེད།