ཟླ8པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་པུའུ་རུ་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བར་བཀོད་གཏོང་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་རྒུད་སྐྱོབ་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ཟབ་མོ་བྱེད་དགོས་ལ། མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱས་ཏེ། ཚད་མཐའི་བསམ་གཞིག་དང་། མཐར་ཐུག་བསམ་གཞིག་བརྟན་པོར་ཆགས་ནས། ལྷོད་གཡེང་འདུ་ཤེས་དང་། སྟེས་དབང་བསམ་བློ་ངེས་པར་དུ་སེལ་དགོས་ཤིང་། ཚད་མཐོན་པོར་འགན་ཁུར་བའི་རྣམ་འགྱུར་གྱིས་འགོག་ཟོན་བྱེད་ཐབས་སོ་སོ་ཞིབ་ཕྲའི་སྒོ་ནས་དོན་འཁྱོལ་བྱས་ཏེ། ཞོད་འགོག་བདེ་འཇགས་ཀྱི་མ་གནས་བརྟན་སྲུང་བྱ་དགོས།
ཚོགས་འདུ་ལས་བསྟན་དོན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་རེས་སྐོར་གསར་བའི་ཆར་ཆེན་འབབ་པའི་བརྒྱུད་རིམ་བསུས་ལ། རི་ཉིལ་བ། འདམ་རུད། མཁར་གྲོང་དུ་ཆུ་འཁྱིལ་བ་སོགས་ཞར་བྱུང་གནོད་འཚེའི་ཉེན་ཁ་བརྩེགས་སྲིད་པས། ཞོད་འགོག་གནས་བབ་སྔར་བཞིན་རྙོག་འཛིང་ཛ་དྲག་རེད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཞོད་འགོག་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ནས། ཞོད་འགོག་བྱ་བའི་མཐར་ཐུག་གི་གལ་ཆེའི་རང་བཞིན་ལ་ངེས་ཤེས་ཟབ་མོ་འདྲོངས་དགོས་ལ། གནད་དོན་དེར་ཕྱོགས་ཡོངས་ནས་འདང་རྒྱག་དགོས་ཤིང་། བྱེད་ཐབས་དེ་ཆེས་མདུན་སར་སླེབས་སུ་བཅུག་སྟེ། ཞོད་འགོག་གི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞོད་འགོག་བྱ་བའི་ཕྱོགས་གཅིག་ནི་མང་ཚོགས་ཀྱི་བདེ་སྡུག་དང་འབྲེལ་ཡོད་ལ། ཕྱོགས་གཅིག་ནི་ཞིང་ཆེན་ཡོངས་ཀྱི་དོན་ཆེན་དང་འབྲེལ་ཡོད། ཚགས་དམ་པོའི་སྒོ་ནས་ཆར་ཆུའི་གནས་ཚུལ་དང་། ཆུ་ཡི་གནས་ཚུལ། འབྲུབ་ཚུལ་འགྱུར་ལྡོག་བཅས་ལ་ལྟ་ཞིབ་བྱས་ཏེ། ལས་རེས་ལས་སྲུང་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། དུས་ཐོག་ཏུ་སྔོན་དཔག་སྔོན་བརྡའི་ཆ་འཕྲིན་སྤེལ་དགོས་ལ། ས་གཤིས་གནོད་འཚེ་ཡོད་པའི་ཉེན་ཁའི་གནས་དང་། ཡུལ་སྐོར་ལྗོངས་ཁུལ། བཟོ་བཀོད་ལས་ཡུལ། ཕྱུགས་ར། དགོན་པ་སོགས་ས་གནས་གལ་ཆེན་དག་ལ་བསྐྱར་དུ་གྲལ་བཤེར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་དང་བཀོད་པས་འདང་དགོས། དང་ལེན་ཟུང་གི་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་སྒོ་རྒྱག་པ་དང་། མཚམས་འཇོག་པ། ཕྱིར་འཐེན་བྱེད་པ། སྤོ་བ། སྐོར་ཞིབ་བཅས་ཀྱི་བྱེད་ཐབས་སྤྱད་ནས། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་གནས་སྤོ་བདེ་འགོད་བྱ་བ་ལེགས་པོར་བསྒྲུབ་དགོས། ཞོད་འགོག་དངོས་ཟོག་གི་གྲ་སྒྲིག་དང་སྐྱེལ་འདྲེན་འགན་སྲུང་ཇེ་དྲག་ཏུ་བཏང་ནས། ཐལ་དྲགས་པའི་གནས་ཚུལ་འོག་གློག་ཆད་པ་དང་། ལམ་ཆད་པ། དྲ་ཆད་པ་བཅས་བྱུང་ཚེ་ཁ་གཏད་འཇལ་བའི་བྱེད་ཐབས་ལག་བསྟར་བྱེད་དགོས། ཏང་དང་སྲིད་གཞུང་གིས་འགན་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་ཁུར་གཉིས་ལག་བསྟར་བྱས་ནས། མགོ་ཁྲིད་གཙོ་བོས་མདུན་ནས་བཀོད་འདོམས་བྱེད་དགོས་ལ། གཞི་རིམ་ལས་བྱེད་ཀྱི་ཕན་འབྲས་ཆེ་བའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་བཀོལ་ནས། མི་སྣ་ཤི་རྨས་མི་འབྱུང་བའི་མ་གནས་བརྟན་སྲུང་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱིའི་བདེ་འཇགས་བརྟན་བརླིང་ལ་རྒྱུན་ཆད་མེད་པར་འགན་ལེན་བྱེད་དགོས།
ཚོགས་འདུའི་སྟེང་། ཞིང་ཆེན་གནམ་གཤིས་ཅུས་དང་། ཞིང་ཆེན་ཆུ་བེད་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས། དཔའ་ལུང་རྫོང་། མིན་ཧོ་རྫོང་། ཞུན་ཧྭ་རྫོང་། གཅན་ཚ་རྫོང་། ཐུན་རིན་གྲོང་ཁྱེར་བཅས་སོ་སོས་ཞོད་འགོག་བྱ་བའི་གནས་ཚུལ་ཡར་ཞུ་བྱས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲང་ཅིན་ཀང་གཉིས་ཚོགས་ར་གཙོ་བོའམ་ཡང་ན་ཡན་ལག་ཚོགས་རར་ཞུགས།