རང་ཞིང་གིས་མུ་ཕྲེང་ཧྲིལ་བོའི་ཚན་རྩལ་འཆར་འགོད་དོ་དམ་ལམ་ལུགས་མ་ལག་བཙུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཞིང་ཆེན་ཚན་རྩལ་ཐིང་གིས་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཆེད་དམིགས་ལས་གཞི་གལ་ཆེན་གྱི་དོ་དམ་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ཚན་རྩལ་འཆར་འགོད་དོ་དམ་བྱེད་ཐབས། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་འཆར་འགོད་ལས་གཞི་ལྟ་སྐུལ་དོ་དམ་བྱེད་ཐབས། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་འཆར་འགོད་བྱས་འབྲས་དཔྱད་འཇོག་དོ་དམ་བྱེད་ཐབས་བཅས་ལམ་ལུགས་ཡིག་ཆ་ཁག་བཞི་འགྲེམ་སྤེལ་བྱས་ནས། ལས་གཞིའི་འགོ་རྩོམ་པ་དང་ལག་བསྟར་བྱེད་པ། ལྟ་སྐུལ་བྱེད་པ། དཔྱད་འཇོག་བྱེད་པ་བཅས་མུ་ཕྲེང་ཧྲིལ་བོར་ཁྱབ་པའི་ཚན་རྩལ་འཆར་འགོད་དོ་དམ་ལམ་ལུགས་མ་ལག་བཙུགས་ཏེ། ལམ་ལུགས་ཅན་གྱི་བཅོས་སྒྱུར་གྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

ཐེངས་འདིའི་མ་ལག་རང་བཞིན་གྱི་ལམ་ལུགས་ཅན་གྱི་བཅོས་སྒྱུར་གྱིས་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཚན་རྩལ་བཅོས་སྐྱོང་གི་རྣམ་པ་གསར་བ་བསྐྱར་སྐྲུན་བྱས། ཞིང་ཆེན་ཏང་ཨུའི་ཚན་རྩལ་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་གྱིས་འགོ་ཁྲིད་བྱས་པའི་ཚན་རྩལ་གསར་གཏོད་ཐོན་ཁུངས་ཀྱི་གཅིག་འདོམས་རྐྱེན་སྲོལ་བཙུགས་པ་དང་། ཆེད་དམིགས་ལས་གཞི་གལ་ཆེན་ལ་གཞིགས་ནས་ཞིང་ཆེན་ཡོངས་ཀྱི་བསམ་བཀོད་གཅིག་གི་བྱེད་ཐབས་ལག་བསྟར་བྱས། ཚན་རྩལ་འཆར་འགོད་སྒྲིག་གཞི་གལ་ཆེན་གཅིག་འདོམས་ལེགས་སྒྱུར་བྱས་པ་དང་། ལས་གཞི་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པའི་ལྟ་སྐུལ་དོ་དམ་གདུབ་ཟུམ་དང་བྱས་འབྲས་དཔྱད་འཇོག་མ་ལག་བསྐྲུན།

རྩ་འཛུགས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། ཚན་ཞིབ་འགག་སྒྲོལ་གྱི་སྒུལ་ནུས་གསར་བ་བསྐྱེད། མིང་གྲགས་ཅན་གཙོ་བོར་བྱེད་པ་དང་འགྲན་སྡུར་ལམ་ལུགས། ཤེས་ལྡན་གྱི་ཚན་རིག་པ་བཅས་ཀྱི་ཚོགས་པའི་ལམ་ལུགས་སོགས་གསར་དར་ཚན་ཞིབ་འགག་སྒྲོལ་གྱི་རྣམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ལམ་ལུགས་གསར་གཏོད་ཀྱིས་སྲོལ་རྒྱུན་ཐབས་ལམ་ལས་ཐོད་བརྒལ་བྱས། ལས་གཞི་ཡར་ཞུ་དཔྱད་འདེམ་དང་བར་སྐབས་ཞིབ་བཤེར། ལས་འགན་འགྱུར་ལྡོག མཇུག་མཐའི་ཚད་ལེན་སོགས་བརྒྱུད་རིམ་ཧྲིལ་བོ་ལག་བསྟར་ཚད་གཞི་ཁ་གསལ་བཟོས། ལམ་ལུགས་ཇུས་འགོད་ཐད་དྲང་ཕྱོགས་ཡར་སྐུལ་དང་ལྟ་སྐུལ་ནན་མོ་གཉིས་གཅིག་འདོམས་བྱས་པ་དང་། ཚན་ཞིབ་ཀྱི་ནོར་འཆུག་ཆུང་ངུར་བཟོད་སྒོམ་གྱིས་འགན་འཁྲི་བདའ་འདེད་མི་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། ཚན་རིག་འཚོལ་ཞིབ་ཀྱི་དངོས་ཡོད་ཆོས་ཉིད་ལ་བརྩི་འཇོག་བྱས། ནོར་སྲིད་ཚན་ཞིབ་འགྲོ་གྲོན་བེད་སྤྱོད་དོ་དམ་ཚད་ལྡན་དུ་བཏང་བ་དང་། ཚན་ཞིབ་ཡིད་རྟོན་ཆད་གཅོད་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། གསར་གཏོད་ལ་སྐུལ་ལྕག་དང་ཕམ་ཁ་ལ་གུ་ཡངས། ཚད་མཐའ་བརྟན་སྲུང་བཅས་ཀྱི་གསར་གཏོད་སྐྱེ་ཁམས་བསྐྲུན་ནས། འཇོན་མིའི་གསོན་ཤུགས་བསྐྱེད་པ་དང་བཅོས་སྒྱུར་གྱི་ཁེ་སྤོགས་གཏོང་སྤྲོད་བྱས།

བྱས་འབྲས་ཀྱི་ཁྲིད་ཕྱོགས་ལ་ཤུགས་བསྣན་ནས། ཚན་རྩལ་གྱི་གཏོང་སྤྲོད་ཕན་ནུས་མཐོར་འདེགས་བཏང་། བྱས་འབྲས་དཔྱད་འཇོག་གི་སྲ་གཤིས་ཚོད་འཛིན་དང་ཁྲིད་ཕྱོགས་བྱེད་ནུས་འབུར་དུ་ཐོན་པར་བྱས་པ་དང་།  འགྲོ་སོང་བཏང་ན་ཕན་འབྲས་ཐོན་མིན་འདྲི་བ་དང་ཕན་འབྲས་མེད་ན་འགན་འཁྲི་བདའ་འདེད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། བྱས་འབྲས་འདུ་ཤེས་དེ་ཚན་རྩལ་འཆར་འགོད་དོ་དམ་གྱི་བརྒྱུད་རིམ་ཧྲིལ་བོར་གཏིང་ཟབ་ངང་འདྲེས་པར་བྱས། རིམ་དབྱེ་རིགས་དབྱེའི་དཔྱད་འཇོག་དམིགས་ཚད་མ་ལག་བཙུགས་པ་དང་། བར་ཁྱད་ཅན་གྱི་དཔྱད་འཇོག་འཁོར་ཡུན་དང་དཔྱད་འཇོག་ཚད་གཞི། དཔྱད་འཇོག་བྱེད་ཐབས་བཅས་གཏན་འཁེལ་བྱས།

ཞིང་ཆེན་ཚན་རྩལ་ཐིང་གིས་སྲིད་ཇུས་སྒྲོག་བཤད་དང་ལས་སྒོ་གསོ་སྦྱོང་རིམ་ལྡན་གྱི་སྤེལ་ནས། གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་། དངུལ་རྩའི་མུ་ཕྲེང་། འཇོན་མིའི་མུ་ཕྲེང་བཅས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་འཆར་འགོད་བཅོས་སྐྱོང་ཕན་ནུས་མཐོར་འདེགས་བཏང་སྟེ། མ་ལག་ཅན་གྱི་ལམ་ལུགས་བཅོས་སྒྱུར་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ནུས་སྩོལ་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།