ཐུན་རིན་གྱིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས“དྭངས་གཙང་རྨ་ཆུའི”རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་ཇེ་དྲག་ཏུ་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས“འཛམ་གླིང་ཐང་གའི་སྒྱུ་རྩལ་གྱི་ཕ་ས”འཛུགས་སྐྲུན་གྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། “དྭངས་གཙང་རྨ་ཆུའི”ཡུལ་སྐོར་ཁུལ་གྱི་འཕེལ་རྒྱས་བཀོད་སྒྲིག་ལ་གཞི་ཚུགས་ནས། ཤེས་བྱའི་ཐོན་དབང་གི་མུ་ཕྲེང་ཡོངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་རིམ་སྤོར་ལ་སྲུང་སྐྱོབ་བྱས། ཟླ8པའི་ཚེས13ཉིན་བར། གྲོང་ཁྱེར་ཡོངས་སུ་ཐོ་འགོད་བྱས་པའི་ཚོང་རྟགས་བསྡོམས་འབོར772ཟིན་ནས། ཁྱད་ཆོས་མངོན་གསལ་དོད་པ་དང་གནས་མང་པོས་འདེགས་སྐྱོར་བྱེད་པའི་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་བཏོད་དེ། རྨ་ཆུའི་རྒྱུད་ཀྱི་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་མ་ལག་ནུས་ལྡན་སྒོས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ས་གནས་ཀྱི་ཟོང་རྟགས་སྐྱེད་སྲིང་དང་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ། དམངས་ཕན་ཞབས་ཞུ་བཅས་ཀྱི་བྱེད་ཐབས་མང་པོ་གཅིག་གྱུར་འཆར་འགོད་བྱས་ཏེ། ས་ཁོངས་རིག་གནས་ཡུལ་སྐོར་ཟོང་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཚོང་རའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། རྨ་ཆུའི་རྒྱུད་ཀྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད།

ཐུན་རིན་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་གྱི་ཤེས་བྱའི་བདག་དབང་སྐྱེད་སྲིང་བྱ་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་བཅུག་ནས། གྲོང་ཁྱེར་རིམ་པའི་གཅིག་གྱུར་འཆར་འགོད་དང་སྡེ་ཁག་གིས་གཞོགས་འདེགས་བྱེད་པ། གོང་འོག་མཉམ་འགུལ་གྱི་བྱ་བའི་རྣམ་པ་ཞིག་བཏོད་དེ། “རེབ་གོང་ཐང་གའི་རྒྱལ་སྤྱིའི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཁུལ”གྱི་ཡིག་ཐོག་སྙན་ཞུའི་གྲ་སྒྲིག་ལ་སྐུལ་འདེད་བརྟན་པོ་བཏང་། ས་གནས་དེ་གས་“འཛམ་གླིང་ཐང་གའི་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་རིས་དབྱིབས་ཚོང་རྟགས་དང་པར་དབང་། ཁོངས་མིང་སྲུང་སྐྱོབ་བཀོད་སྒྲིག་བྱེད་ཚུལ་ཇེ་མགྱོགས་སུ་བཏང་ནས། ད་ལྟ་རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་ཁོངས་མིང་གཉིས་ཀྱི་དཔང་དངོས་ར་སྤྲོད་དང་པར་དབང་སྲུང་སྐྱོབ་དཔང་ཡིག་བླངས་ཡོད། གྲོང་ཁྱེར་ཡོངས་ཀྱི་ཁེ་ལས14ལ“རེབ་གོང་ཐང་གའི”ས་ཁམས་མཚོན་རྟགས་ཀྱི་ཆེད་སྤྱོད་མཚོན་རྟགས་སྤྱོད་རྒྱུའི་ཆོག་མཆན་ཐོབ་པ་དང་། “རོང་བོ་གནའ་མཁར”དང“སྒོ་དམར་གནའ་མཁར།”“ཤར་དུང་རི”སོགས་དྭངས་གཙང་རྨ་ཆུའི་ཡུལ་སྐོར་ཁུལ་དང་འཚམ་པའི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་ཁག་གཅིག་གྲུབ་འབྲས་ཐོབ་པའི་ངང་ཐོ་འགོད་བྱས།

ཡུལ་སྐོར་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་ཆེད། རིག་གནས་ཡུལ་སྐོར་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་མཉམ་འབྲེལ་སྒོས་ཆེད་ལས་ཞིབ་དཔྱད་སྒྲིག་གཞི་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་ཆེད་དོན་བཅོས་སྒྲིག་བྱས་པ་དང་། རིམ་རྩིས་བྱས་ན་སྡེ་ཁག་ལས་བརྒལ་བའི་མཉམ་འབྲེལ་ཞིབ་བཤེར་ཐེངས4བྱས། ས་ཁམས་མཚོན་རྟགས་རྫུས་སྤྱོད་དང་། ཚོང་རྟགས་ཀྱི་དབང་ཆར་བཙན་གནོད། ཚོང་ཟོག་སྤུས་ཞན་སྤུས་ལེགས་སུ་བརྫུས་པ་སོགས་ཀྱི་སྣང་ཚུལ་ལ་དམིགས་ནས་བཟོད་སྒོམ་གཏན་ནས་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚོང་རྟགས་ཀྱི་དབང་ཆར་བཙན་གནོད་བྱས་པའི་གྱོད་གཞི3ཁྲིམས་ལྟར་ཞིབ་གཅོད་བྱས་པ་དང་། ཚོང་གཉེར་བྱེད་པོ་དང་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཤིང་། དྭངས་གཙང་རྨ་ཆུའི་ཡུལ་སྐོར་རྒྱུད་ཀྱི་སྤྱི་ཡོངས་ཀྱི་གླེང་ཚུལ་སྲུང་སྐྱོང་བྱས།

ས་གནས་དེས་གྲོང་ཁྱེར་རིམ་པའི་ཚོང་རྟགས་ཟོང་རྟགས་ཀྱི་མཛུབ་ཁྲིད་ཞབས་ཞུའི་སྟེགས་བུ་བསྐྲུན་ནས། ཚོང་རྟགས་ཐོ་འགོད་དང་པར་དབང་ཐོ་འགོད། ས་ཁམས་མཚོན་རྟགས་ཚད་ལྡན་བེད་སྤྱོད་བཅས་གཅིག་འཐུས་རྣམ་པའི་ཞབས་ཞུ་འདོན་སྤྲོད་བྱས། ལས་བྱེད་མི་སྣ་ལམ་རྒྱུད་ཀྱི་ཚོང་གཉེར་ཁྱིམ་ཚང་དུ་བསྐྱོད་དེ་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་ཐེངས20བྱས་པ་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་དཔྱད་ཡིག་བརྒྱ་ལྷག་ཙམ་བྱིན་པ་དང་། ཤེས་བྱའི་བདག་དབང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྱབ་གདལ་དུ་བཏང་ནས། ཁྲོམ་རའི་བྱེད་པོས་རང་འགུལ་ངང་རང་ཉིད་ལ་ཡོད་པའི་ཟོང་རྟགས་སྐྱེད་སྲིང་དང་སྲུང་སྐྱོབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། དྭངས་གཙང་རྨ་ཆུའི་ཡུལ་སྐོར་ཁུལ་ཡོངས་སུ་ཐོག་མའི་གསར་རྩོམ་ལ་བརྩི་འཇོག་དང་ཟོང་རྟགས་ལ་མཐོང་ཆེན་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།