སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་ནས་དམངས་ལ་ཕན་ཁེ་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དམངས་ཡོངས་ཀྱི་བདེ་ཐང་མེད་ན་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་བདེ་ཐང་དེ་དམིགས་སུ་བཀར་ནས་སྔོན་འགྲོ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་གནས་སུ་བཞག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་གྱི་འཆར་འགོད་གནང་སྟེ། གཞི་རིམ་གཙོ་གནད་དུ་འཛིན་པའི་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་གཏན་འབེབས་བྱས་ཏེ། བདེ་ཐང་གི་ཀྲུང་གོའི་བསམ་བཀོད་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དུ་འགྱུར་བར་སྐུལ་འདེད་བཏང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ནི2035ལོར་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་གྱི་གནད་འགག་གི་དུས་སྐབས་ཡིན་ལ། སྨན་བཅོས་འཕྲོད་བསྟེན་གྱི་གཙོ་གནད་གཞི་རིམ་དུ་ཕྱོགས་པ་དང་ཐོན་ཁུངས་གཞི་རིམ་དུ་མཉམ་སྤྱོད་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ནི་འཆར་འགོད་དེའི་ཆེས་གལ་འགངས་ཆེ་ས་ཡིན། 

ཁུལ་ཁོངས་རྒྱ་ཆེ་ཞིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དོ་མི་མཉམ་པས། དུས་ཡུན་རིང་པོའི་ནང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཞིང་ཆེན་ལྟེ་གནས་དང་གྲོང་ཁྱེར་དུ་གཅིག་སྡུད་བྱས་ཡོད་ཅིང་། གཞི་རིམ་དུ་སྨན་པ་བསྟེན་ན་ཐག་རིང་བ་དང་སྨན་པར་སྟོན་དཀའ་བས། དམངས་ཡོངས་ཀྱི་བདེ་ཐང་ལ་ཚོད་འཛིན་བྱེད་པའི་འགལ་བ་འབུར་དུ་ཐོན་ཡོད། རྒྱལ་ཁབ་ཀྱིས་གནས་ཚུལ་འདིར་རྐང་བཙུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཞི་རིམ་དུ་ཕེབས་ནས་རྟོག་ཞིབ་ཐེངས་མང་གནང་བ་དང་།  ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ནས་སྡེ་བའི་འཕྲོད་བསྟེན་ཁང་བར་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ནས་སྨན་བཅོས་ཁམས་གསོ་ཟུང་འབྲེལ་སྒྲིག་གཞིའི་བར། ཁོང་གིས་བསྟན་དོན། སྨན་བཅོས་འཕྲོད་བསྟེན་གྱི་བྱ་བའི་གཙོ་གནད་གཞི་རིམ་དུ་ཕྱོགས་པ་དང་།  སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་སྟེ།  གཞི་རིམ་གྱི་འཕྲོད་བསྟེན་བྱ་བར་དམངས་འཚོའི་ཕྱོགས་སྟོན་གཏན་འཁེལ་བྱས། 2016ལོའི་ཟླ8པའི་ཚེས19ཉིན། ཀྲུང་གོ་གསར་པ་བཙུགས་པའི་ཚུན་གྱི་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐེངས་དང་པོ་འཚོགས་ཤིང་། གཞི་རིམ་གཙོ་གནད་དུ་བཟུང་སྟེ་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་ཀྱི་ཚིག་རྐང་དང་པོར་བཀོད་ཡོད། དེའི་རྗེས 《བདེ་ཐང་ཀྲུང་གོའི2030ལོའི་འཆར་འགོད་རྩ་གནད》དོན་འཁྱོལ་བྱས་ཏེ་བདེ་ཐང་གི་ཀྲུང་གོའི་རྩེ་རིམ་ཇུས་འགོད་བྱས། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་།  སྤྱི་ཁྱབ་ཧྲུའུ་ཅིས2035ལོར་བདེ་ཐང་ཀྲུང་གོ་བསྐྲུན་པར་ངེས་པར་དུ་སྤྱི་འདོམས་འཆར་འགོད་དང་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ།  ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བརྩོན་ལེན་བྱེད་དགོས་པ་ཡང་བསྐྱར་ནན་གྱིས་བསྟན།  

ཀྲུང་གོ་མི་དམངས་སློབ་ཆེན་སྨན་བཅོས་བཅོས་སྒྱུར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཧུའུ་ཧྥུང་གིས་བཤད་རྒྱུར། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་བཀོད་སྒྲིག་གནང་སྟེ། བདེ་ཐང་ཀྲུང་གོའི་འཐབ་ཇུས་ཀྱི་ལྟེ་བའི་གཏན་ཚིགས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གསལ་པོར་བསྟན་ལ། དཔལ་འབྱོར་གྱི་དམིགས་ཚད་འཕར་བ་ཙམ་མ་ཡིན་པར་ངེས་པར་དུ་མི་དམངས་དུང་ཕྱུར་གྱི་ཚེ་སྲོག་བདེ་ཐང་དེ་ཆེས་བརྟན་པོའི་གཞི་རྩར་འཇོག་དགོས། འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་དྲ་རྒྱ་མང་ཚོགས་ཀྱི་སྒོ་འགྲམ་དུ་འཐེན་པ་ནི། དོན་དངོས་ཀྱི་འགལ་བར་ཐད་ཀར་གདོང་གཏོད་སྐབས་ཀྱི་དགེ་མཚན་ལྡན་པའི་ཕྱིར་ལན་ཡིན་པས། མི་དམངས་ཀྱི་བླ་ན་མེད་པའི་རིན་ཐང་གི་གཉེར་ཕྱོགས་མངོན།

ཐབས་ལམ་དེ་བརྒྱུད་ནས་མུ་མཐུད་དུ་སྐུལ་འདེད་བཏང་བས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གི་རྣམ་པར་འགྱུར་བ་ཆེན་པོ་འབྱུང་བཞིན་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། རང་རྒྱལ་གྱིས་འཛམ་གླིང་སྟེང་གཞི་ཁྱོན་ཆེ་ཤོས་དང་མ་ལག་ཆ་ཚང་བའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན། ད་ལྟའི་བར་རྒྱལ་ཡོངས་ཀྱི80%ལས་བརྒལ་བའི་རྫོང་དུ་བརྙན་པར་དང་སྙིང་གློག་པར་རིས། ཞིབ་བཤེར་སོགས་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་ཀྱི་ཐོག་མའི་རྣམ་པ་བསྐྲུན་ཏེ། རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་དུང་ཕྱུར་གསུམ་བྱེ་བ་གསུམ་ལས་བརྒལ་བར་ཞབས་ཞུ་སྒྲུབ། གཞི་རིམ་དུ་བརྟག་དཔྱད་དང་རྫོང་རིམ་པའི་བརྟག་དཔྱད། མཇུག་འབྲས་ཕན་ཚུན་ངོས་འཛིན་བཅས་ཀྱིས་སྨན་པར་བསྟེན་ན་གྲོང་ཁྱེར་ཆེན་པོར་འགྲོ་དགོས་པའི་འདུ་ཤེས་རྙིང་བ་དེ་བསྒྱུར་བཞིན་ཡོད། 

ནུབ་རྒྱུད་ས་ཁུལ་ནི་རང་རྒྱལ་གྱི་སྨན་བཅོས་རྨང་གཞིའི་ཐོན་ཁུངས་ཞན་པའི་ས་ཁུལ་ཡིན། དམ་ཟབ་ཅན་གྱི་སྨན་བཅོས་གཅིག་མཐུན་ཚོགས་པ་ལ་བརྟེན་ནས། རྒྱང་བསྟེན་ནད་བརྟག་སྨན་བཅོས་ཀྱི་དྲ་རྒྱས་རྫོང་རིམ་པའི་སྨན་ཁང་གི་སྦྲེལ་ཟམ་དེ་སྡེ་བར་སྦྲེལ་ཞིང་། ཡུན་ནན་ཨན་ཉིན་མི་དམངས་སྨན་ཁང་དང་པོའི་སྨན་བཅོས་གཅིག་མཐུན་ཚོགས་པའི་སྙིང་གློག་ལྟེ་གནས་སུ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང6དང་།  སྡེ་བའི་འཕྲོད་བསྟེན་ཁང64ཡི་སྒུལ་བདེའི་སྙིང་ཁམས་གློག་ཆས་ཀྱིས་མ་དཔེ་འཚོལ་བསྡུ་བྱས་ཏེ།  དྲ་རབས་ལྔ་པ་དུས་ཐོག་ཏུ་བརྒྱུད་སྤྲོད་བྱས་པ་དང་། རྫོང་རིམ་པའི་ཆེད་མཁས་པས་རྒྱང་བསྟེན་སྨན་བཅོས་བྱས་ལ། སྡེ་བའི་འཕྲོད་བསྟེན་ཁང་དུ་རིམ་གསུམ་ཀ་བའི་སྨན་ཁང་གི་ཆེད་མཁས་པའི་ནད་དཔྱད་བསམ་འཆར་སྡེ་མིའི་ལག་ཏུ་འབྱོར་ཐུབ་པ་རེད། 

ཨན་ཉིང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དང་པོའི་སྙིང་ཁམས་ཁྲག་རྩའི་ཁོང་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ལི་ཅན་གྱིས་བཤད་རྒྱུར།

སྙིང་དཔྱད་པར་རིས་ལ་བལྟས་ན་རྒྱུན་ལྡན་ཡིན་པས། གནས་སྐབས་སུ་སྙིང་རྩ་འགག་པའི་ནད་ལ་བསམ་བློ་གཏོང་མི་དགོས་ཟེར།

ཡུན་ནན་ཞིང་ཆེན་ཨན་ཉིང་གྲོང་ཁྱེར་གྱི་སྨན་བཅོས་གཅིག་མཐུན་ཚོགས་པའི་སྤྱིའི་ཡོན་ཀྲང་སུང་ཁྲའོ་ཡིས་བཤད་རྒྱུར།

ད་ལོར་ང་ཚོས་མི་ཐབས་རིག་ནུས་ཀྱི་གཞོགས་འདེགས་ནད་དཔྱད་འཛུགས་དགོས་པར་མ་ཟད། ད་དུང་ང་ཚོའི་རྒྱང་བརྟེན་ནད་དཔྱད་ཀྱིས་རྫོང་དང་། ཞང་། སྡེ་བ་བཅས་སུ་ཁྱབ་པར་བྱས་ནས་མང་ཚོགས་ཀྱིས་སྒོ་འགྲམ་དུ་ངོ་བོ་གཅིག་མཚུངས་ཅན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱ་རྒྱུ་ཡིན།

ལག་རྩལ་འཛོམས་སོང་ན། མིས་ཀྱང་རྗེས་ཟིན་དགོས་པས། ས་གནས་སོ་སོས་གཞི་རིམ་ལ་མུ་མཐུད་དུ་ནུས་པ་བསྩལ་ནས་ཤེས་ལྡན་མི་སྣ་སོར་གནས་བྱེད་མི་ཐུབ་པ་དང་། ནུས་པས་མི་འདང་བ། ཞབས་ཞུ་ཞིབ་ཚགས་མིན་པ་བཅས་ཀྱི་ཞན་ཆ་སེལ་ཡོད། 2016ལོ་ནས2025ལོའི་བར། རྒྱལ་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣའི་གཞི་ཁྱོན་བཅུ་ཆའི་ལྔ་ཙམ་འཕར་ལ། ཞིང་སྡེའི་མངགས་ཐོ་ཡི་ཁ་གཏད་རིན་མེད་གསོ་རིག་སློབ་མ་གསོ་སྐྱོང་ལས་གཞིས་ཆ་སྙོམས་ཀྱིས་དབུས་ནུབ་རྒྱུད་ཀྱི་ཡུལ་ཚོ་དང་གྲོང་ཁུལ་གྱི་བསྟེན་ཁང་ཚང་མར་སྨན་པ3ལྷག་བཀོད་སྒྲིག་བྱས། རྫོང་ཁོངས་ཀྱི་དམ་ཚགས་ཅན་གྱི་སྨན་བཅོས་གཅིག་མཐུན་ཚོགས་པ་ཉིས་སྟོང་ཆིག་བརྒྱ་གོ་དགུ་དང་། གྲོང་ཁྱེར་གྱི་སྨན་བཅོས་སྡེ་ཚོགས81ལ་བརྟེན་ནས། གོང་རིམ་སྨན་ཁང་གིས་རྐང་འཛིན་པ་མངགས་གཏོང་དང་། སློབ་ཁྲིད་རོགས་སྐྱོར། རྒྱང་བསྟེན་ནད་བརྟག་སྨན་བཅོས་བཅས་བྱས་པ་བརྒྱུད་དེ། གནད་དུ་འཁེལ་བའི་ནད་བརྟག་སྨན་བཅོས་ལག་རྩལ་དང་ཚད་ལྡན་གྱི་ནད་བརྟག་སྨན་བཅོས་ཚད་གཞི་རྒྱུན་ཆད་མེད་པར་རྫོང་དང་། ཡུལ་ཚོ། གྲོང་ཚོ་བཅས་ལ་བསྐྱལ། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་ཁྱིམ་ཚང་སྨན་པ་ས་ཡ་གཅིག་འབུམ་གསུམ་ཁྲི་དགུ་དང་སྟོང་གཅིག་ལ་སླེབས་པ་དང་། རྒྱལ་ཡོངས་ཀྱི་རྒན་པར་མིང་རྟགས་བཀོད་པའི་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ལ་སླེབས། གཅོང་ནད་འཚམས་འདྲི་དང་། བདེ་ཐང་བརྟག་དཔྱད། ཁམས་གསོའི་མཛུབ་སྟོན། ལུས་རྩལ་དང་གསོ་རིག་མཉམ་འདྲེས་བཅས་མང་ཚོགས་ཀྱི་ཁྱིམ་དུ་ཐོན་པར་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ"ནད་བཅོས་ལྟེ་བར་འཛིན་པ"ནས"མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི"ཕྱོགས་སུ་མགྱོགས་མྱུར་ངང་ཚུལ་སྒྱུར་བྱས།

སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་ཁའེ་ཅང་རྫོང་ཞིན་ཉིང་གྲོང་རྡལ་གྱི་སན་ལི་ཆའོ་སྡེ་བའི་སྡེ་མི་ལིན་ཧོའུ་ཙེ་ཡིས་བཤད་རྒྱུར།

ང་ཚོའི་སྡེ་བར་དགུང་ལོ་རེ་ལྔ་ལོན་པའི་རྒན་པ་རྣམས་ལོ་རེར་རིན་མེད་ངང་ལུས་པོར་བརྟག་དཔྱད་ཐེངས་རེ་བྱེད་བཞིན་ཡོད་ལ། ང་ལྟ་བུའི་གཅོང་ནད་ཡོད་པ་ལ་ཁྱིམ་ཚང་སྨན་པ་ཡོང་ནས་ང་ཚོར་ཁྲག་མངར་དང་ཁྲག་ཤེད་ལ་བརྟག་དཔྱད་བྱེད་པས། ང་ཚོ་ཧ་ཅང་ཡིད་ཚིམ་ནས་བསྡད་ཡོད་ཟེར།

ནམ་རྒྱུན་གྱི་ནད་བརྟག་སྨན་བཅོས་ཙམ་མ་ཡིན་པར། ས་ཐག་རིང་བའི་ནད་གཞི་ལྕི་མོ་ཕོག་པའི་ནད་པ་ལའང་གོང་རིམ་གྱིས་མངགས་པའི་སྨན་བཅོས་ཐོན་ཁུངས་ཀྱིས་ཚེ་སྲོག་གི་ངོ་མཚར་བསྐྲུན་ཡོད། ཉེ་ཆར། རྒྱལ་ནང་ནས་སླེབས་པའི་ཆེད་མཁས་ཚོགས་པས་བོད་ལྗོངས་སུ་སྐོར་སྐྱོད་སྨན་བཅོས་བྱས་པ་དང་། ཚོགས་པའི་ཁྲོད་ཀྱི་དང་བླངས་པ་བོད་རིགས་བུ་མོ་ཀུན་བཟང་ནི་སྔོན་ཆད་སྒལ་གཞུང་འཁྱོག་པའི་ནད་པ་ཚབས་ཆེན་ཞིག་ཡིན། ལོ་གསུམ་གྱི་སྔོན་ལ་ཁོ་མོ་ཆེད་མཁས་པའི་ཚོགས་པས་ཤེས་རྟོགས་བྱུང་བར་མ་ཟད་སྲོག་སྐྱོབ་སྨན་བཅོས་བྱས་ལ། ད་སྐབས་ཀྱི་ཁོ་མོ་ནི་གཟུགས་པོའི་རིང་ཚད་ལ་ལི་སྨི120ནས་ལི་སྨི140བར་སྐྱེས་པ་དང་། ད་ལོར་སློབ་ཆེན་དུ་རྒྱུགས་འཕྲོད་དེ་མཚར་སྡུག་ལྡན་པའི་མི་ཚེ་གསར་པ་ཞིག་གི་འགོ་བརྩམས།

བོད་རིགས་བུ་མོ་ཀུན་བཟང་གིས་བཤད་རྒྱུར།

ལོ་གསུམ་གྱི་སྔོན་ལ། པེ་ཅིང་གི་ཨ་མྱེས་སྨན་པ་རི་ཆུ་མང་པོ་བརྒལ་ནས་ང་ཚོའི་གནས་འདིར་སླེབས་ཏེ། ང་ལ་གཤགས་བཅོས་དང་ཁམས་གསོ་བྱས་པ་རེད། ངས་རང་ཉིད་ལ་དེ་རིང་གི་ཉི་མ་འདི་འདྲ་ཞིག་ཡོད་པ་ཡིད་ལའང་དྲན་མ་མྱོང་། ད་ལྟའི་ང་ལ་མཚོན་ན་མ་འོངས་པར་རེ་བས་ཁེངས་ཡོད་ཟེར།

མི་གཅིག་ནས་མི་ཁྲི་སྟོང་མང་པོའི་བར། ཐོན་ཁུངས་མངགས་གཏོང་ལས་བྱུང་བའི་འགྱུར་ལྡོག་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། 2035ལོར་སླེབས་སྐབས་བདེ་ཐང་ཀྲུང་གོ་བསྐྲུན་ཐུབ་པར་བྱ་རྒྱུ་ནི། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་ཇུས་གཞི་གལ་ཆེན་ཞིག་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ནི་ཏག་ཏག་དམིགས་འབེན་འདི་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། རང་རྒྱལ་གྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་དྲ་བ་མུ་མཐུད་ནས་ཇེ་བརྟན་དུ་བཏང་སྟེ། འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་ཀུན་ཕན་དོ་མཉམ་དང་དམངས་ཡོངས་མཉམ་སྤྱོད་ཀྱི་ཕྱོགས་སུ་བརྟན་པོར་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་ཐང་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།