ཟླ8པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུའ་བཅས་ཀྱི་ཀྲང་ལུའུ་ལ“རིམ་པ་གཉིས་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”གནང་པ་དང་། ཝུའུ་ཧྥེ་དང་ཀྲང་ཧུང་ཀྲང་ལ“མཁའ་སྐྱོད་པ་དཔའ་བོའི”གཟི་བརྗིད་མཚན་སྙན་ཐོབ་པར་མ་ཟད། “རིམ་པ་གསུམ་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”གནང་རྒྱུའི་སྐོར་གྱི་ཆོད་དོན་ཁྱབ་བསྒྲགས་བྱས། ཆོད་དོན་གྱི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
2025ལོའི་ཟླ10པའི་ཚེས31ཉིན། ལྷ་གྲུ་ཉེར་གཅིག་པའི་མི་སྡོད་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། མཁའ་སྐྱོད་པ་ཀྲང་ལུའུ་དང་། ཝུའུ་ཧྥེ། ཀྲང་ཧུང་ཀྲང་བཅས་འཕུར་གྲུར་བསྡད་དེ་ཐེན་ཧི་ལྟེ་སྙིང་གྲུ་ཚང་དུ་བདེ་བླག་ངང་བསྡད་ལ། འཁོར་ལམ་དུ་ཟླ7ལ་བསྡད་པ་དང་། སྔ་རྗེས་སུ་གྲུ་ཚང་ནས་བུད་པའི་བྱེད་སྒོ་ཐེངས་གསུམ་ལ་སྤེལ་ཞིང་། བར་སྣང་ས་ཚིགས110འཛུགས་སྐྲུན་རིམ་སྤོར་དང་སྲུང་སྐྱོང་ཞིག་གསོ་བྱེད་པའི་ལས་འགན་ལེགས་གྲུབ་བྱས་པ་དང་། བར་སྟོང་ཚན་རིག་གི་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་བྱས་ཤིང་། 2026ལོའི་ཟླ5པའི་ཚེས29ཉིན་བདེ་འཇགས་ངང་ཕྱིར་ལོག ལྷ་གྲུ་ཉེར་གཅིག་པའི་མི་སྡོད་འཕུར་སྐྱོད་ཀྱི་ལས་འགན་ནི། རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་དེ་བར་སྣང་ས་ཚིགས་སུ་བེད་སྤྱོད་དང་འཕེལ་རྒྱས་དུས་མཚམས་ཀྱི་མི་སྡོད་འཕུར་སྐྱོད་ལས་འགན་ཐེངས་དྲུག་པ་དེ་ཡིན་པ་དང་། དེས་ལྷ་གྲུ་རྟགས་ཅན་གྱི་འཕུར་གྲུ་དང་བར་སྣང་ས་ཚིགས་འབྲེལ་མཐུད་བྱེད་ཚད་ཀྱི་མགྱོགས་ཚད་ཟིན་ཐོ་བསྐྲུན་ལ། དེས་ཀྲུང་གོའི་མཁའ་སྐྱོད་པའི་ཚོགས་ཆུང་རྐྱང་པ་འཁོར་ལམ་དུ་སྡོད་པའི་དུས་ཡུན་ཆེས་རིང་བའི་ཟིན་ཐོ་གསར་པ་བསྐྲུན་པར་མ་ཟད། ཀྲུང་གོའི་མཁའ་སྐྱོད་བྱ་གཞག་གི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཀྱིས་གོམ་སྟབས་གསར་པ་སྤོས་པ་མཚོན་ཞིང་། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་ཀྲུང་ཧྭ་མི་རིགས་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་མི་རིགས་ཀྱི་ཡིད་རྟོན་དང་སྤོབས་སེམས་སྔར་ལས་ཇེ་ཆེ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱིས་དཔའ་ངར་ཆེར་བསྐྱེད་དང་འབད་འབུངས་ཡར་བརྩོན་ལ་སྐུལ་མ་གཏོང་བར་དོན་སྙིང་གལ་ཆེན་ལྡན།
ལྷ་གྲུ་ཉེར་གཅིག་པའི་མི་སྡོད་འཕུར་སྐྱོད་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དེར། རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པ་དང་འཕུར་སྐྱོད་པ། ལས་བྱེད་ལས་བཟོ་བ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་སེམས་ཤུགས་འདུས་ཡོད། བློ་མཐུན་ཀྲང་ལུའུ་དང་། ཝུའུ་ཧྥེ། ཀྲང་ཧུང་ཀྲང་བཅས་ནི་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་ཚབ་ཡིན་ལ། ཁོ་ཚོའི་བློ་སེམས་ཏང་ལ་ཕྱོགས་ཡོད་པ་དང་ལས་འགན་ལ་བློ་དཀར་ཞིང་། དཀའ་ཉེན་ལ་མི་སྐྲག་པ་དང་། འགན་འཁྲི་འཁུར་ཕོད་པར་འཛམ་གླིང་ལ་ཀྲུང་གོའི་བློ་སྟོབས་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་གདོང་ཚོད་ཆེན་པོ་མངོན། བློ་མཐུན་ཀྲང་ལུའུ་ལགས་ལོ་གཉིས་འགོར་རྗེས་སླར་ཡང་བར་སྣང་དུ་བསྐྱོད་པ་མ་ཟད་བཀའ་རྒྱའི་དཔོན་གྱི་འགན་འཁུར་ནས། རིམ་རྩིས་བྱས་ན་གྲུ་ཁང་ཕྱིའི་བྱེད་སྒོ་ཐེངས7སྤེལ་ཏེ། ཀྲུང་གོའི་འཕུར་སྐྱོད་པ་མི་སྒེར་གྱི་གྲུ་ཁང་ནས་ཐོན་པའི་བྱེད་སྒོའི་ཟིན་ཐོ་གསར་པ་བཏོད། བློ་མཐུན་ཝུའུ་ཧྥེ་ཡིས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྦྱོང་བརྡར་བྱས་ཏེ། ཐོག་མར་འཕུར་བ་ནས་གྲུ་ཁང་དུ་ཐེངས3ལ་ཕྱིར་བུད་པ་དེ། རང་རྒྱལ་གྱི་མི་སྡོད་འཕུར་སྐྱོད་ལས་འགན་ལག་བསྟར་བྱས་པའི་ལོ་ན་གཞོན་ཤོས་ཀྱི་མཁའ་སྐྱོད་འཕུར་སྐྱོད་བཟོ་བཀོད་པར་གྱུར། བློ་མཐུན་ཀྲང་ཧུང་ཀྲང་བབ་བརླིང་བརྟན་པོ་ཡིན་ལ་ལག་རྩལ་ལ་བྱང་ཆུབ་ཡོད་པ་དང་། ཐེག་ཁུར་ཆེད་མཁས་པ་ཡིན་པའི་ཆ་ནས་གཟི་བརྗིད་ངང་ལྷ་གྲུ་ཉེར་གཅིག་པའི་ཚན་ཆུང་དུ་གདམ་ཐོན་བྱུང་སྟེ། བར་སྣང་བཀོལ་སྤྱོད་ལ་ཕྱོགས་པའི་ཚོད་ལྟ་རབ་དང་རིམ་པ་གཟེངས་སུ་ཐོན་པའི་ངང་ལེགས་འགྲུབ་བྱས། ཁོ་ཚོས་རང་རྒྱལ་གྱི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་དོན་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པར་གཟེངས་བསྟོད་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བློ་མཐུན་ཀྲང་ལུའུ་ལ“རིམ་པ་གཉིས་པའི་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། བློ་མཐུན་ཝུའུ་ཧྥེ་དང་ཀྲང་ཧུང་ཀྲང་ལ“འཕུར་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་ཡིན་པར་མ་ཟད། “རིམ་པ་གསུམ་པའི་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་ཐག་བཅོད་གནང་།
བློ་མཐུན་ཀྲང་ལུའུ་དང་། ཝུའུ་ཧྥེ། ཀྲང་ཧུང་ཀྲང་བཅས་ནི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅངས་ཡོད་པ། བླ་ན་མེད་པའི་བྱ་གཞག་ལ་རང་ནུས་ཡོད་ཚད་འབུལ་མཁན་བཅས་ཀྱི་དུས་རབས་ཀྱི་གདོང་ལེན་ཡིན་ལ། འཇིག་རྟེན་འཚོལ་ཞིབ་དང་། བར་སྣང་འཛུགས་བསྐྲུན། འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་དཔེ་སྟོན་མིག་དཔེ་ཡང་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ལེགས་པར་སྒྲུབ་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་མཁའ་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། གཟེངས་བསྟོད་ཐོབ་པའི་འཕུར་སྐྱོད་པ་མིག་དཔེར་བཟུང་ནས། རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་གནང་།