ཟླ8པའི་ཚེས21ཉིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་མ་ལག་རང་བཞིན་གྱི་བསྒྱུར་བཅོས་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་བསྡུས་ཏེ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཅིག་བསྡུས་སུ་ཁྱབ་སྒྲོག་བྱེད་པ་དང་། གཙོ་རྒྱུག་སྨྱན་སྦྱོར་གྱི་རྣམ་པ་གསར་པ་བསྐྲུན་པའི་གདོང་མཆོང་དུང་བརྡ་བརྒྱབ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད་པར་མ་ཟད་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་མ་ལག་རང་བཞིན་གྱི་བསྒྱུར་བཅོས་ཕྱོགས་ཡོངས་ནས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
གྲུབ་འབྲས་ཆེན་མོ་ལྔ་ནི་གང་དག་ཡིན་ནམ་ཞེ་ན། དྲ་རྒྱའི་སྒྲོག་སྤེལ་བཀོད་འདོམས་ལྟེ་གནས་དངོས་སུ་འཁོར་སྐྱོད་བྱས་ཏེ། སྟེགས་བུའི་འཁོར་སྐྱོད་དང་ནང་དོན་ཁྱབ་སྒྲོག་གི་འགན་གཅིག་ལྕོགས་སུ་ཁུར་བ་དང་། མཚོ་སྔོན་གསར་འགྱུར་དྲ་བ་དང་གཙང་པོའི་མགོ་ཁུངས་གསར་འགྱུར་སྤྱོད་སྣེའི་པར་གཞི་བཟོ་བཅོས་རིམ་སྤར་བྱས་ནས། “དྲ་གཅིག་སྣེ་གཅིག་འཕྲིན་སྟེགས་མང་ཙམ”གྱི་སྒྲོག་སྤེལ་རྟེན་གཞི་སྒྲིག་འཛུགས་བྱས་པ་དང་གཅིག སྐལ་བཟང་སྤྲིན་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་སྟེགས་བུ་དྲ་ལམ་དུ་བཞག་སྟེ། བོད་རིགས་མང་ཚོགས་དགའ་མོས་ཡོད་པའི་དྲ་ལམ་གྱི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་གཉིས། “མཚོ་སྔོན་གྲངས་མཚོ”ཡི་གཞི་གྲངས་སྟེགས་བུ་སྤྱོད་མགོ་བརྩམས་ནས། ལས་སྒོ་ཡོངས་ཀྱི་གཞི་གྲངས་མཉམ་འདྲེས་ཀྱི་སྲོལ་བཏོད་པ་དང་གསུམ། མཚོ་སྔོན་རྒྱལ་སྤྱིའི་སྒྲོག་སྤེལ་ལྟེ་གནས་འཁོར་སྐྱོད་བྱེད་མགོ་བརྩམས་ཏེ། ཕྱི་ནང་འབྲེལ་མཐུད་བྱེད་པའི་སྒྲོག་སྤེལ་སྒེའུ་ཁུང་ཕྱེས་པ་དང་བཞི། མཚོ་སྔོན་ཉིན་རེའི་ཚགས་པར་གྱི་རིག་ནུས་ཞུ་དག་མ་ལག3.0ཅན་དངོས་སུ་དྲ་ལམ་དུ་བཞག་པ་དང་། མཚོ་སྔོན་ཞིང་ཆེན་ཏང་གི་གསར་སྐྲུན་གཞུང་ལུགས་མཉམ་འདྲེས་སྨྱན་སྦྱོར་སྒྲོག་སྤེལ་གཙོ་གནད་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་ཏེ། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་གཞུང་ལུགས་སྒྲོག་སྤེལ་གྱི་མཐོ་ས་བརྩོན་ལེན་བྱས་པ་དང་ལྔ་བཅས་སོ། །
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས《མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི“ལྔ་བཅོ་ལྔ”ཡི་འཆར་འགོད》ཀྱི“12345+N”འཐབ་ཇུས་རིས་ལྗོངས་སྣེ་ཁྲིད་དུ་འཛིན་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བརྟན་སྲུང་བྱས་ནས། བྱ་གཞག་འཕེལ་རྒྱས་དང་ཐོན་ལས་འཕེལ་རྒྱས་མཉམ་སྡེབ་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་སྟེ། སྦྲེལ་དྲ་གསར་འགྱུར་ལྟེ་གནས་དང་རྒྱལ་སྤྱིའི་སྒྲོག་སྤེལ་ལྟེ་གནས། བོད་སྐད་ཀུན་ཁྱབ་སྨྱན་སྦྱོར་སྒྲོག་སྤེལ་ལྟེ་གནས་བཅས་ཀྱིས“ཕྱོགས་གསུམ་ཤུགས་འདོན”མངོན་འགྱུར་བྱེད་པ་དང་། ནང་དོན་དང་སྟེགས་བུ། གཞི་གྲངས། གཉེར་སྐྱོང་བཅས“གཞི་གཅིག་ཅན་བཞི”། ནང་དོན་གྱི་ཐོན་སྐྱེད་ནུས་པ་དང་སྒྲོག་སྤེལ་གྱི་སྣེ་ཁྲིད་ནུས་པ། ཚན་རྩལ་གྱི་འདེད་སྐུལ་ནུས་པ། འཇོན་མིའི་གསར་སྐྲུན་ནུས་པ། ཐོན་ལས་ཀྱི་འགྲན་རྩོད་ནུས་པ་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏེགས་ཏེ། AIཡི་བློ་བཀོད་གསར་པ་དང་སྐྱེ་ཁམས་སྒྲོག་སྤེལ། མཐོང་ཚོར་ཇུས་འགོད་སོགས་ཀྱི་ཁྱད་ལྡན་མཉམ་འདྲེས་སྨྱན་སྦྱོར་ལས་གཉེར་ཁང་མེ་ཏོག་མཉམ་བཞད་ཀྱི་ཚུལ་དུ་མངོན་ཏེ། ཏང་གི་ཚགས་པར་བྱ་གཞག་མཉམ་འདྲེས་ཀྱི་འཚོལ་ཞིབ་རྐྱང་བ་ནས་མ་ལག་བསྒྱུར་བཅོས་ཀྱི་དུས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་བཏང་ཡོད། །