2026ལོའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ཆེད་དོན་འགུལ་སྐྱོད་རབ་དང་རིམ་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2026ལོར་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ཆེད་དོན་འགུལ་སྐྱོད་རབ་དང་རིམ་པ་སྤེལ་བ་ནས་བཟུང་། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ། བརྒྱུད་རིམ་ལྡན་པའི་ཇུས་འགོད་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། སྐོར་ཞིབ་ཞིབ་དཔྱད་ཚད་ལེན་རྒྱུན་མཐུད་བྱེད་པ། དཔེ་མཚོན་གནད་དོན་ཡོངས་བསྒྲགས་བརྡ་ཁྱབ་གཏོང་བ་དང་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་འགན་སོ་སོར་དུས་མཚམས་རང་བཞིན་གྱི་ཕན་འབྲས་བླངས། གཅིག་ནི་རིམ་རྩིས་བྱས་ནAppདངSDKཡི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་ཚུལ་ཁྲི2ལྷག་ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་། སྟེགས་བུ4000ལྷག་སྒྲིག་མཐུན་དག་ཐེར་ལེགས་སྒྲུབ་ཐུབ་པར་སྐུལ་འདེད་བཏང་། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཡོད་པའིAppདངSDKསྟེགས་བུ1100ལྷག་ལ་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་། སྟེགས་བུ400ལྷག་སྒྲོམ་སྟེགས་ནས་ཕབ་པ་སོགས་ཀྱི་ཐག་གཅོད་དང་ཆད་གཅོད་བྱ་ཐབས་སྤྱད། གཉིས་ནི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་སྒྲིག་སྲོལ་ནང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱས་ནས་བརྡ་ཁྱབ་དང་སྤྱོད་མཁན་གྱི་འདྲ་པར་ཐད་སྤྱོད་རྒྱུ་ཁ་གསལ་བཟོས་མེད་པ་དང་། རང་གཤིས་ཅན་གྱི་བརྡ་ཁྱབ་ཀྱི་སྒོ་རྒྱག་གདམ་ག་མཁོ་འདོན་བྱས་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཁེ་ལས་དང་སྒྲིག་གཞི1000ལྷག་གི་འབྲེལ་ཡོད་ཐོན་རྫས་ལ་ཞིབ་བཤེར་ཚད་ལེན་བྱས་པ་དང་འབྲེལ་དག་ཐེར་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་བྱས་པ་རེད། གསུམ་ནི་སློབ་གསོ་དང་། འགྲིམ་འགྲུལ། འཕྲོད་བསྟེན་བདེ་ཐང་། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མི་སྒེར་གྱི་ཆ་འཕྲིན་ཉེན་ཁར་གྲལ་བཤེར་བྱས་ནས། རིམ་རྩིས་བྱས་ན་ཁེ་ལས་དང་སྒྲིག་གཞི་ཁྲི9ལྷག་ལ་རྩད་གཅོད་བྱས་ཏེ། མངོན་མེད་རྐྱེན་ངན་སྣ་ཚོགས་ཀྱི་གནད་དོན་ཁྲི1.2ལྷག་ཤེས་རྟོགས་བྱུང་ཡོད། བཞི་ནས་མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཁུངས་སྣེ་ལྟ་ཞིབ་ཚད་ལེན་དང་ཤེས་རྟོགས་ལ་ཤུགས་སྣོན་རྒྱག་པ། ཆ་འཕྲིན་ཕྱིར་གྱར་བ་དང་ཆ་འཕྲིན་ལྐོག་འཚོང་སོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་འགུལ་སྐྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། ལས་རིགས་ནང་ཁུལ་གྱི“ནང་རྐུན”ལ་ཆད་གཅོད་ནན་མོ་བཏང་།

རྗེས་མར་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ཆེད་དོན་འགུལ་སྐྱོད་རབ་དང་རིམ་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གནད་དོན་བཅོས་སྐྱོང་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་དྲ་རྒྱའི་ཐོབ་ཐང་ཁས་ལེན་གྱི་སྤྱི་པའི་ཞབས་ཞུ་ཁྱབ་གདལ་བེད་སྤྱོད་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་གཏོང་བ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་བྱ་བའི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། ཕན་ནུས་ལྡན་པའི་སྒོ་ནས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།