སྨྱན་སྦྱོར་ལས་ཁུངས680ལྷག་གིས2025ལོའི་སྨྱན་སྦྱོར་གྱི་སྤྱི་ཚོགས་འགན་འཁྲིའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་གསར་འགྱུར་སྨྱན་སྦྱོར་ལས་ཁུངས680ལྷག་གིས་ཉེ་ཆར་རང་གི་དྲ་ཚིགས་དང་ཁ་པར་མཉེན་ཆས་སོགས་སུ2025ལོའི་སྨྱན་སྦྱོར་གྱི་སྤྱི་ཚོགས་འགན་འཁྲིའི་སྙན་ཞུ་ཁྱབ་བསྒྲགས་བྱས། དེའི་ནང་མི་དམངས་ཉིན་རེའི་ཚགས་པར་ཚུད་པའི་ཀྲུང་དབྱང་གི་གསར་འགྱུར་སྡེ་ཚན་གཙོ་བོ20དང་། ལས་རིགས་རང་བཞིན་གྱི་སྨྱན་སྦྱོར་བསྡོམས་པས58། ས་གནས་ཀྱི་སྨྱན་སྦྱོར600ལྷག་འདུས་ཡོད། དེ་དག་གིས་ཆབ་སྲིད་འགན་འཁྲི་དང་། གཡུལ་ས་འཛུགས་སྐྲུན་གྱི་འགན་འཁྲི། ཞབས་ཞུའི་འགན་འཁྲི་སོགས་ཕྱོགས9ཡི་ཐད་ནས2025ལོའི་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཚུལ་ཕྱོགས་བསྡུས་ངང་བསྟན་ཡོད།

2025ལོར། སྨྱན་སྦྱོར་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་ལེགས་པོ་བྱས་ཤིང་།《མི་དམངས་ཉིན་རེའི་ཚགས་པར》དང《བདེན་འཚོལ་དུས་དེབ》སོགས་ཀྱིས"སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་འདུན་ལ་ལན་འདེབས་པ"ཞེས་པ་དང"མ་ལག་ཅན་དུ་བསྒྱུར་ཏེ་ཞིབ་འཇུག་གཏིང་ཟབ་བྱེད་པ"ཞེས་པའི་ལེ་ཚན་གསར་པ་བཙུགས་པ་དང་། ཞིན་ཧྭ་གསར་འགྱུར་ཁང་གིས《ཞི་ཅིན་ཕིང་གི་དཔའ་བོའི་ལྟ་ཚུལ》སོགས་གནས་ཚུལ་གལ་ཆེན་སྤེལ་བས་ཁྱབ་སྤེལ་ཕན་འབྲས་བཟང་པོ་ཐོན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། རྒྱལ་ཡོངས་ཚོགས་འདུ་གཉིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་ཚོགས་སོགས་དོན་རྐྱེན་ཆེན་པོ་རྣམས་ལ་བཅར་འདྲི་རྒྱ་ཆེན་པོ་བྱས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐད་གཏོང་བསྐྱར་སྟོན་དང་དྲ་ཐོག་ཏུ་བལྟ་མཁན་མི་གྲངས་དུང་ཕྱུར339.4སླེབས་ཡོད། དཔལ་འབྱོར་ཉིན་རེའི་ཚགས་པར་སོགས་ཀྱིས་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་སྐོར་གནས་ཚུལ་ཡག་པོ་བཀོད་པ་མ་ཟད། འཛད་སྤྱོད་སྐུལ་འདེད་གཏོང་བ་དང་། ནང་ཁུལ་དགོས་མཁོ་ཆེ་རུ་གཏོང་བ། ཕྱི་ཚོང་བརྟན་པོ་ཡོང་བ། མ་དངུལ་འཇོག་པ་བརྟན་འཇགས་ཡོང་བ་སོགས་བརྗོད་གཞི་གཙོ་བོར་བཟུང་སྟེ། དཔྱད་གཏམ་དང་ཆེད་སྒྲིག་རྩོམ་ཡིག་མང་པོ་བཏོན་ནས། ཀྲུང་གོའི་དཔལ་འབྱོར་གྱི་ལྡེམ་ཤུགས་དང་གསོན་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

ཀྲུང་གོ་གཞོན་ནུའི་ཚགས་པར་དང་ཁྲིམས་ལུགས་ཉིན་རེའི་ཚགས་པར་སོགས་ཀྱིས་བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་སོགས་གློ་བུར་བྱུང་བའི་དོན་རྐྱེན་སྙན་སེང་ཞུས་པ་དང་། ཀན་སུའུ་ཞིང་ཆེན་གྱི་བྱིས་གཉོར་ཁང་ཞིག་ཏུ་ཁྲག་ནང་ཞ་ཉེ་ཚད་བརྒལ་བྱུང་བ་སོགས་སྤྱི་ཚོགས་སྟེང་དོ་སྣང་བྱ་ཡུལ་གནད་དོན་རིགས་ལ་ལྟ་སྐུལ་ཡག་པོ་བྱས་ཏེ། དམངས་འཚོ་ལེགས་བཅོས་བྱ་རྒྱུར་རོགས་རམ་ནུས་ལྡན་བྱས་ཡོད། ཀྲུང་གོ་རྒྱལ་སྤྱིའི་འཕྲིན་ལམ་དང་། ཕྱི་རྒྱལ་སྐད་ཡིག་ཅུས། ཀྲུང་གོ་གསར་འགྱུར་ཁང་སོགས་ཀྱིས་སྒོ་ཁྲལ་དམག་འཐབ་དང་ཨ་རི་དང་ཀྲུང་གོ་དབར་གྱི་ཚོང་དོན་གྲོས་མོལ་སྐོར། འཇར་པན་གྱི་སྲིད་བློན་གྱིས་ཀྲུང་གོར་གཏམ་བཤད་ངན་པ་བཏང་བ་སོགས་ལ་དམིགས་ནས་ཆེད་རྩོམ་དང་བརྙན་ཐུང་རབ་དང་རིམ་པ་སྤེལ་ཞིང་། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གཞན་པས་ཀྱང་བརྒྱུད་འགོད་ཤུགས་ཆེན་བྱས་ཡོད། བརྒྱུད་སྒྲོག་དྲ་བའི་འཛུགས་སྐྱོང་ཐད། ཞིན་ཧྭ་གསར་འགྱུར་ཁང་གི་མཁོ་ཆས་ཕབ་ལེན་བྱེད་ཚད་དུང་ཕྱུར4.4ལས་བརྒལ་བ་དང་། བཅིངས་འགྲོལ་དམག་གི་གསར་འགྱུར་ལྟེ་གནས་ལ་སྨྱན་སྦྱོར་ཡོ་བྱད་སྣེ་ཁ91ཡོད་པ་དེས་བེད་སྤྱོད་བྱེད་མཁན་མི་དུང་ཕྱུར3.6ཁྱབ་ཐུབ་པ་བྱུང་ཡོད། སྨྱན་སྦྱོར་སོ་སོས་ད་དུང་རང་ཉིད་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་སྟངས་ཁྲོད་གནས་པའི་སྐྱོན་ཆ་དང་། དེ་སེལ་ཐབས་ཀྱི་བྱེད་ཐབས་བཟང་པོ། མ་འོངས་པར་འབད་བརྩོན་བྱེད་ཕྱོགས་བཅས་གསལ་འགོད་བྱས་ཡོད།

ད་ལོ་ནི་སྨྱན་སྦྱོར་གྱི་སྤྱི་ཚོགས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་ལོ་འཁོར13ལོན་པ་ཡིན། ཟླ7པའི་མཇུག་བར་དུ། 2025ལོའི་སྨྱན་སྦྱོར་གྱི་སྤྱི་ཚོགས་འགན་འཁྲིའི་སྙན་ཞུ་དེར་ཀློག་གྲངས་ཁྲི8000ལས་བརྒལ་ཡོད་ཅིང་། སྤྱི་ཚོགས་ཡོངས་ཀྱིས་ཁས་ལེན་གང་ལེགས་གནང་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།