ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་སྨན་བཅོས་ལ་བརྩི་བཀུར་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་བསྐྲུན་པ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་སྔར་བས་གཅིག་ཏུ་སྒྲིལ་ཆེད། “ཀྲུང་གོ་སྨན་པའི་དུས་ཆེན”འཆར་ཉེར་ཡོད་པའི་སྐབས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་ཚོགས་ཡོངས་ལ“ཆེས་མཛེས་པའི་སྨན་པའི”སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས།
ཝང་ཆིའུ་དང་ཧྥེང་ཁོ། ལུའི་ཧྭ་ཁུན། ཏུའུ་རུང་ཧུའེ། ལུའུ་ཅིན་ཀེན། ལུའོ་མིང་ཆིན། པའེ་ཧྭ་ལི། ཧོའུ་ཧྥན་ཧྥན། ཀུའུ་ཚུའེ་དབྱིན་སོགས་བློ་མཐུན9གཟི་བརྗིད་ལྡན་པའི་ངང་བདམས་ཐོན་བྱུང་བ་རེད། ཁོང་ཚོས་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་བའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ། སྡུག་བསྔལ་སྐྱོབ་པའི་བསམ་པ་བཅངས་ནས་མང་ཚོགས་ཀྱི་སྨན་པ་ཆེན་པོ་བྱས་པ་དང་། ལ་ལས་གསོ་རིག་རྨང་གཞི་ཞིབ་འཇུག་དང་བཀོལ་སྤྱོད་གཏིང་ཟབ་བྱས་ནས། དཀའ་གནད་ཆེ་བའི་ནད་གཞི་ཁྱད་གསོད་ཧུར་ཐག་བྱས། ཁག་གཅིག་གིས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་གཏོང་རྒྱུའི་ཆོད་སེམས་བཅངས་ནས། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཕྱི་ནད་ཚན་ཁག་གི་ཁྱད་ལྡན་སྨན་བཅོས་ཇུས་གཞི་མང་པོ་འཚོལ་ཞིབ་བྱས། ཁག་གཅིག་གིས་ཉིན་མཚན་མེད་པར་འབད་བརྩོན་དང་དཀའ་ལས་ལ་མི་འཛེམ་པར་ཐོག་མཐའ་བར་གསུམ་དུ་འཕྲལ་བཅོས་མྱུར་སྐྱོབ་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱས། ཁག་གཅིག་གིས་བརྩེ་སེམས་ལ་བརྟེན་ནས་ནད་གཞི་ལྕི་ཞིང་ནུས་པ་ཤོར་བའི་རྒན་རྒོན་ལ་ལྟ་སྐྱོང་ཞིབ་ཚགས་བྱེད་ཀྱིན་ཡོད། ཡང་ཁག་གཅིག་གིས་གཞི་རིམ་དུ་གཞི་ཚུགས་ནས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས་ཡུལ་ལུང་སོ་སོའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱས། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས“ཚེ་སྲོག་གོང་བཀུར་དང་ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་བ། བརྩེ་སེམས་ཟབ་མོ་བཅངས་པ”བཅས་ཀྱི་བླ་ན་མེད་པའི་ལས་རིགས་སྙིང་སྟོབས་ལག་ལེན་བསྟར་ནས། དུས་རབས་གསར་པའི་སྨན་ཞབས་ལས་དོན་པའི་ཉམས་འགྱུར་བཟང་པོ་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།
རྒྱ་ཆེའི་སྨན་དོན་ལས་དོན་པས“ཆེས་མཛེས་པའི་སྨན་པ”མིག་དཔེར་བྱས་ཏེ། སྨན་པའི་ཀུན་སྤྱོད་དང་སྨན་པའི་རྩལ་ནུས་ཇེ་ལེགས་སུ་གཏོང་བ་དང་། བྱམས་བརྩེས་མང་ཚོགས་ལ་དེ་བས་སྤུས་ལེགས་དང་ནུས་ཆེའི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཚན་རིག་དང་མཐུན་པའི་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ། དཔལ་ཡོན་དང་བདེ་ཐང་གི་འཚོ་བ་སྤྱོད་སྟངས་དར་སྤེལ་གཏོང་བ། དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བདེ་ཐང་ཀྲུང་གོའཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པར་བསྟན།
ཤེས་གསལ་ལྟར་ན། “ཆེས་མཛེས་པའི་སྨན་པ”ཡོངས་བསྒྲགས་མཛད་སྒོའི་ཆེད་དོན་ལེ་ཚན་ཉེ་དུས་སྟོན་རྒྱུ་ཡིན་པ་རེད། །