ཝང་དབྱི་དང་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཀྲའོ་ཞན་གཉིས་ཀྱིས་གྲོས་མོལ་གནང་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཚེས19ཉིན་ཧྲོའུ་ཨར་རུ་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཀྲའོ་ཞན་དང་གྲོས་མོལ་གནང་། 

ཝང་དབྱིས་བསྟན་དོན། ཀྲུང་གོ་དང་ཧན་གོ་ནི་རྒྱ་མཚོ་གཅིག་གིས་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། རྒྱུན་དུ་འགྲོ་འོང་བྱེད་པ་དང་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་ཡིན། ན་ནིང་ལོ་མཇུག་ནས་བཟུང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལི་ཙའེ་མིང་རྣམ་གཉིས་ཀྱིས་རྒྱལ་དོན་འཚམས་འདྲི་ལེགས་འགྲུབ་བྱུང་བ་དེས་ཀྲུང་གོ་དང་ཧན་གོའི་འབྲེལ་བ་མ་འོངས་པར་འཕེལ་རྒྱས་འགྲོ་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཞིང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཐབ་ཇུས་རང་བཞིན་གྱི་ཁྲིད་སྟོན་བྱས་ཡོད། ཀྲུང་གོ་དང་ཧན་གོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལྟར་མུ་མཐུད་ལེགས་བཅོས་དང་གོང་འཕེལ་འབྱུང་བཞིན་ཡོད། ད་ལྟའི་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འཕེལ་བཞིན་པ་དང་། ལྷག་པར་དུ་ད་ལོ་ཚུན་ལ། རྒྱལ་སྤྱིའི་གནས་བབ་ཟང་ཟིང་ཆེ་རུ་ཕྱིན་པ་དང་ས་ཁུལ་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་ཏེ། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་མཁོ་སྤྲོད་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པ་ཙམ་མ་ཟད། ས་གནས་ཞི་བདེ་བརྟན་བརླིང་ཡོང་བར་ཡང་ལྡོག་ཕྱོགས་ཀྱི་ནུས་པ་ངན་པ་ཐེབས་བཞིན་ཡོད། ཀྲུང་གོ་དང་ཧན་གོ་གཉིས་ཀ་དུས་གཏན་དུ་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་དུས་ཡུན་རིང་བོར་མཉམ་ལས་བྱེད་པའི་གྲོགས་པོ་བཟང་པོ་ཀྱང་ཡིན་པས། འཐབ་ཇུས་ཀྱི་མིག་རྒྱང་མངོན་པར་བྱེད་དགོས་ཤིང་། རྒྱལ་ཁབ་གཉིས་ཀྱི་ཕུགས་རྒྱང་རིང་པོ་དང་མི་དམངས་ཡོངས་ཀྱི་རྩ་བའི་ཁེ་ཕན་ལ་དམིགས་ཏེ་འབད་བརྩོན་ཆེན་པོས་ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་ངང་རྒྱུན་མཐུད་བྱེད་པར་ཁག་ཐེག་བྱ་རྒྱུ་ནི། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་པ་དང་། ས་ཁུལ་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གང་མང་འཇོག་ཆེད་ཡིན། ཧན་གོ་རང་གི་གཞི་རྩའི་ཁེ་ཕན་གཞིར་བཟུང་སྟེ་ཕྱི་ཕྱོགས་སུ་སྲིད་ཇུས་རང་བཙན་དང་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་བཅངས་ཡོད། ཉིན་ཤས་རྗེས་སུ། ཀྲུང་གོ་དང་ཧན་གོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ34འཁོར་བའི་དུས་ཆེན་བསུ་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་དུས་རབས་གསར་པར་འཚམ་མཐུན་ཡོང་བ་བྱས་ཏེ། ཀྲུང་གོ་དང་ཧན་གོའི་ཐབས་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། མདུན་ལྗོངས་གསར་བ་མངོན་ཐུབ་པ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་མི་སྣ་དབར་འབྲེལ་འདྲིས་རྒྱུན་སྐྱོང་བྱས་ཏེ། སང་ལོར་ཀྲུང་གོ་དང་ཧན་གོ་གཉིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར35ལོན་པའི་རྟེན་འབྲེལ་བྱེད་སྒོ་ཡག་པོ་གཉེར་ནས། ཀྲུང་གོ་དང་ཧན་གོའི་འབྲེལ་བར་ནང་དོན་གསར་པ་སྣོན་དགོས། 

ཝང་དབྱིས་བསྟན་དོན། ཀྲུང་གོ་དང་ཧན་གོའི་དཔལ་འབྱོར་ཉོ་ཚོང་གི་རྨང་གཞི་ལེགས་པོ་ཡོད་ཅིང་། ད་ལྟ་འདྲེས་སྦྱོར་ཟབ་མོ་བྱེད་མཁན་གྱི་ཁེ་ཕན་གཅིག་མཐུན་ཚོགས་པ་ཆགས་ཡོད། ཁྲོམ་རའི་གཞི་ཁྱོན་ཧ་ཅང་ཆེ་བ་འདིས་ཧན་གོར་ཧན་གོར་གོ་སྐབས་ཆེན་པོ་བསྐྲུན་ཡོད་པ་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་རྒྱ་སྐྱེད་པ་དང་། སྲོལ་རྒྱུན་ནུས་ཁུངས་མཉམ་ལས་རིན་ཐང་འཕར་ཚད་མཐོ་རིམ་ཅན་དུ་བསྒྱུར་བ། མི་ཐབས་རིག་ནུས་དང་ལྗང་མདོག་འཕོ་འགྱུར། གྲངས་འཛིན་དཔལ་འབྱོར། སྒྲིག་ཆས་རྩེར་སོན། རྒན་རྒོན་དཔལ་འབྱོར་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་འཕར་གནས་སྔོག་འདོན་བྱེད་པ། ཀྲུང་གོ་དང་ཧན་གོའི་རང་དབང་ཚོང་དོན་གྲོས་ཆོད་དུས་རིམ་གཉིས་པ་ལག་བསྟར་མགྱོགས་མྱུར་བྱེད་པ། ཕན་ཚུན་རྒྱལ་ཁ་ལེན་རེས་བྱེད་པའི་རྣམ་པ་སྔར་ལས་སྲ་བརྟན་དུ་གཏོང་དགོས། གཞོན་ནུ་ལོ་ཆུང་དང་སྨྱན་སྦྱོར། ལུས་རྩལ། བསམ་བློའི་མཛོད་ཁང་། ས་གནས་བཅས་ཀྱི་བརྗེ་རེས་ལས་དོན་མུ་མཐུད་གཉེར་བ་དང་། དམངས་སེམས་རྨང་གཞིའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་པོ་སྲུང་སྐྱོབ་བྱེད་པ་དང་། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོ་དོ་དམ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ད་ལོ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཚོགས་པའི་རྩེ་ཚོགས་གཙོ་སྒྲུབ་བྱས་པ་གོ་སྐབས་སུ་བཟུང་ནས། ཧན་གོ་ཚུད་པའི་འབྲེལ་ཡོད་ཕྱོགས་སོ་སོ་དང་ལྷན་དུ་ཨེ་ཤ་ཡ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་འཕྲིན་ཧུར་ཐག་གིས་བཏོན་ནས། ཨེ་ཤ་ཡ་གླིང་ངམ་ཡང་ན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་འདོད་ཡོད། 

ཀྲའོ་ཞན་གྱིས་བཤད་རྒྱུར། ཧན་གོ་དང་ཀྲུང་གོ་གི་མགོ་གཙོས་བདེ་བླག་ངང་ཕན་ཚུན་འཚམས་འདྲིར་བསྐྱོད་པ་དེས། ཧན་གོ་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པའི་རྣམ་པ་ཇེ་བརྟན་དུ་བཏང་ཡོད། ཧན་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱི་འབྲེལ་བཙུགས་པ་ནས་བཟུང་ལག་བསྟར་བྱས་པའི་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་རིམ་པ་མཐོ་བའི་སྤེལ་རེས་དམ་ཟབ་བྱས་ཏེ། ཧན་གོ་དང་ཀྲུང་གོའི་འབྲེལ་བ་ཁྱབ་ཁོངས་སོ་སོ་ནས་ཡར་རྒྱས་གོང་འཕེལ་འགྲོ་བར་རེ་བ་ཆེན་པོ་བཅོལ་བཞིན་ཡོད། ཙུང་ཐུང་ལི་ཙའེ་མིང་གིས་ཟླ11པར་ཧྲེན་ཀྲེན་དུ་ཕེབས་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཚོགས་པའི་རྩེ་ཚོགས་ལ་ཞུགས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར35ལོན་པ་གོ་སྐབས་སུ་བརྩིས་ཏེ། རིམ་པ་མཐོ་བའི་འགྲོ་འོང་སྔར་ལས་ཇེ་མང་དུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན། ལག་རྩལ་མཐོ་རིམ། མི་ཐབས་རིག་ནུས། ན་གཞོན་ལས་རིགས་སོགས་ཀྱི་ཁྱབ་ཁོངས་སུ་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རང་དབང་ཚོང་དོན་གྲོས་ཆོད་དུས་རིམ་གཉིས་པ་མྱུར་དུ་བསྒྲུབ་པ། མི་དམངས་བར་མཛའ་བརྩེ་ཇེ་དམ་དུ་གཏོང་བ། ཕྱོགས་མང་ལས་དོན་ཐད་ནས་ཀྲུང་གོ་ཕྱོགས་དང་བསམ་ཚུལ་བརྗེ་རེས་དང་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཧན་གོ་དང་ཀྲུང་གོའི་ཐབས་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད། 

ཕྱོགས་གཉིས་ཀྱིས་ད་དུང་རང་ཉིད་ཀྱིས་དོ་ཁུར་བྱེད་སའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ལ་བསམ་འཆར་བརྗེ་རེས་གང་ལེགས་བྱས། ཝང་དབྱིས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་ལྟ་སྟངས་ཇི་འདྲ་འཛིན་པ་དྲིས་ལན་དུ། ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་གནང་སྟེ་བསྟན་དོན། འགན་འཁུར་ཕོད་པའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡིན་པའི་ཆ་ནས། རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་ལ་གཅིག་གྱུར་རང་བཞིན་དང་བརྟན་བརླིང་རང་བཞིན་ལྡན་པ་རྒྱུན་འཁྱོངས་བྱས་ཏེ། ནམ་ཡང་ཕྱེད་གླིང་གི་ཞི་བདེ་དང་བརྟན་ལྷིང་ཆེད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་བརྩོན་ལེན་ལྷོད་མེད་བྱེད་བཞིན་ཡོད། ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་རིམ་བཞིན་འཆམ་མཐུན་མཉམ་གནས་མངོན་འགྱུར་འབྱུང་བ་མཐོང་བས་དགའ་སྣང་སྐྱེས་བཞིན་ཡོད་ལ། མཐར་ཕྱེད་གླིང་ཡུན་རིང་བདེ་འགོད་ཡོང་བར་སྨོན་འདུན་ཞུ་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།