མཚོ་བྱང་རྐང་ཚས་ཞིང་ཕྱུགས་ཐོན་རྫས་རྫུན་འགོག་ཁུངས་འདེད་མ་ལག་དངོས་སུ་སྤྱོད་མགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་ཆར་མཚོ་བྱང་ཁུལ་རྐང་ཚ་རྫོང་གི་ཞིང་ཕྱུགས་ཐོན་རྫས་རྫུན་འགོག་ཁུངས་འདེད་མ་ལག་དངོས་སུ་བེད་སྤྱོད་བྱེད་མགོ་ཚུགས་ཡོད། མ་ལག་འདི་བཀོལ་སྤྱོད་བྱས་པ་དེས་རྫོང་ཡོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ས་ཁོངས་ནང་གི་ལྗང་མདོག་སྐྱེ་ལྡན་དང་ས་ཁམས་མཚོན་རྟགས། མིང་གྲགས་ཆེ་བའི་ཞིང་ཕྱུགས་ཐོན་རྫས་སྤུས་དག་བཅས་ཀྱི་ཚོང་རྟགས་ཁེ་དབང་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱེད་པར་མ་ཟད། ཁྲོམ་རའི་ཁྲོད་ཀྱི་རྫུན་བཟོ་དང་སྤུས་ཞན་སྤུས་ལེགས་སུ་བརྫུ་བ་སོགས་ཀྱི་སྣང་ཚུལ་ངན་པ་བཅོས་སྐྱོང་ནུས་ལྡན་བྱས་ཏེ། རྐང་ཚ་རྫོང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་ཡིད་རྟོན་ནུས་པ་དང་འགྲན་རྩོད་ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་རྒྱུ་རེད། དེ་ལྟར་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་ནན་མོ་བྱས་ནས། ས་ཁུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་སྲུང་སྐྱོང་དྲ་བ་བརྟན་པོ་བསྐྲུན་ཐུབ་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་ལག་བསྟར་བྱས་པའི་རྫུན་འགོག་ཁུངས་འདེད་མ་ལག་གིས་རིགས་སྣ་མང་པོ་ཁྱབ་ཡོད་པ་དང་། དེའི་ནང་ནོར་ཤ་དང་ལུག་ཤ། འབྲི་ཞོ། འབྲི་འོ། སྐམ་ཤ། མར། ཤྭ་སེར་པོ། རྩམ་པ། གྲོ་མ་སོགས་རྫོང་ཁོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིགས15ཚུད་ཡོད། ལས་གཞིའི་ལོ་འཁོར་གྱི་འཆར་གཞི་ལྟར། རྫོང་ཡོངས་ཀྱིས་ཚད་ལྡན་ཅན་གྱི་རྫུན་འགོག་ཁུངས་འདེད་མཚོན་རྟགས་ཁྲི100གཅིག་གྱུར་གྱིས་བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཚོང་གཉེར་བྱེད་མཁན་ཁེ་ལས་ཁག་ལ་བེད་སྤྱོད་བྱེད་པར་སྤྲོད་རྒྱུ་ཡིན་ལ། དེས་རྫོང་ཁོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཁྲོམ་རའི་ཁེ་ལས40ལྷག་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་རེད། འཛུགས་སྐྲུན་འཆར་འགོད་གཞིར་བཟུང་ནས། རྐང་ཚ་རྫོང་གིས2026ལོའི་ལོ་མཇུག་ཏུ་སླེབས་དུས་ས་ཁོངས་ཡོངས་སུ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྫུན་འགོག་ཁུངས་འདེད་ནུས་པ་ཡོངས་སུ་ཁྱབ་པ་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་པ་དང་། རྫུན་འགོག་ཁུངས་འདེད་ལྟ་སྐུལ་དོ་དམ་དེ་ཞིང་ཕྱུགས་ཐོན་རྫས་ཐོན་ལས་སྦྲེལ་ཐག་ཡོངས་རྫོགས་ལ་ཁེབས་ཐུབ་པ་བྱ་རྒྱུ་རེད།

མ་ལག་འདི་ནི་དྲ་རྒྱ་གཉེར་སྐྱོང་མཁན་གྱི་གྲངས་འཛིན་ལག་རྩལ་ལེགས་ཆ་ལ་བརྟེན་ནས། ཆེད་དུ་བཟོས་པའི་ཨང་བཤེར་འདྲི་རྩད་ཀྱི་གྲངས་འཛིན་མ་ལག་བཙུགས་ཏེ། “ཁེ་ལས་གཅིག་ལ་བཤེར་ཨང་གཅིག”གི་འབྱུང་ཁུངས་དོ་དམ་བྱེད་སྟངས་ལག་བསྟར་བྱེད་བཞིན་ཡོད། འཛད་སྤྱོད་པས་ཐོན་རྫས་ཀྱི་ཆེད་གཏོགས་རྫུན་འགོག་ཁུངས་འདེད་རྟགས་རིས་བཤེར་འབེབས་བྱས་ཚེ། ལས་གཉེར་ལས་ཁུངས་ཀྱི་ས་གནས་དང་ལས་རིགས་ལྟ་སྐུལ་སྡེ་ཁག ཐོན་རྫས་ཞིབ་འགྲེལ། ཁེ་ལས་བདག་གཉེར་ཐོབ་ཐང་། དབང་གྲགས་ལྡན་པའི་བརྟག་དཔྱད་སྙན་ཞུ་སོགས་ཕྱོགས་ཡོངས་ཀྱི་གནས་ཚུལ་ངོ་མ་རྣམས་མཐེབ་གནོན་ཐེངས་གཅིག་གིས་ཤེས་ཐུབ་པས། ཞིང་ཕྱུགས་ཐོན་རྫས་ཀྱི་ཆ་འཕྲིན་གསལ་པོར་བཟོས་པ་དང་བདེན་རྫུན་བརྟག་བདེ་བར་གྱུར་ཡོད།

ཐེངས་འདིའི་ཞིང་ཕྱུགས་ཐོན་རྫས་རྫུན་འགོག་ཁུངས་འདེད་མ་ལག་དངོས་སུ་བེད་སྤྱོད་བྱས་པ་དེས། རྐང་ཚ་རྫོང་གི་ཞིང་ཕྱུགས་ཐོན་རྫས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲངས་འཛིན་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཚན་རྩལ་གྱི་ནུས་པ་སྤྱད་དེ་ཚོང་ཟོག་རྫུན་མ་དང་སྤུས་ཞན་རིགས་གནད་འཁེལ་ངང་རྡུང་རྡེག་གཏོང་བ་དང་། ས་གནས་རང་གི་ཞིང་ཕྱུགས་ཐོན་རྫས་ངོ་མ་ངོས་འཛིན་ནུས་ལྡན་བྱེད་པ། རྫོང་ཁོངས་ཀྱི་ཞིང་ཕྱུགས་ཁྲོམ་རའི་མཚན་སྙན་བསྐྱར་གསོ་བྱས་ཏེ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རིན་གོང་འཕར་ནུས་ཆེ་རུ་བཏང་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པར་བདེ་འཇགས་འགན་ལེན་བརྟན་པོ་བཏིང་ཡོད།

རྐང་ཚ་རྫོང་གིས་འབྱུང་ཁུངས་རྩད་གཅོད་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། རྐང་ཚ་རྫོང་གི་ཞིང་ཕྱུགས་ཐོན་རྫས་རྫུན་འགོག་ཁུངས་འདེད་མཚོན་རྟགས་དོ་དམ་སྒྲིག་སྲོལ་ཞེས་པའི་ཚོགས་སྤྱིའི་ཚད་གཞི་གཏན་འབེབས་བྱས་ཏེ། ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྫུན་འགོག་ཁུངས་འདེད་མཚོན་རྟགས་ལེན་པ་དང་བེད་སྤྱོད། ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་བཟོ་རྒྱུ་རེད། དུས་མཚུངས་སུ། “ཡོང་ཁུངས་འཚོལ་ཐུབ་པ་དང་འགྲོ་ཕྱོགས་རྗེས་ཤུལ་སྙེག་ཐུབ་པ། བདེན་རྫུན་དབྱེ་འབྱེད་བྱེད་ཐུབ་པ། འགན་འཁྲི་རྩད་གཅོད་ཐུབ་པའི”ཞིང་ཕྱུགས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་པ་མུ་མཐུད་དུ་བསྐྲུན་ནས། གྲངས་འཛིན་ཅན་དང་ཚད་གཞིའི་རང་བཞིན་ལྡན་པའི་ལྟ་སྐུལ་གྱིས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ལས་རིགས་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་ལས་གཞི་ཁྱོན་ལྡན་པ་དང་ཟོང་རྟགས། འཕེལ་རྒྱས་ལེགས་པོ་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།