ཟླ8པའི་ཚེས19ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི“དྲ་བ་དྲུག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཞིར་བཟུང་ནས། བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་གཏོང་བ་དང་། གོ་སྐབས་དམ་འཛིན་དང་འགག་སྒྲོལ་དཀའ་སེལ་བྱས་ནས“དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གསོག་འཇོག་བྱེད་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། “དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོར་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་། མིག་སྔར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། འཕར་སྣོན་བརྟན་པོ་ཡོང་བ། ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཤུགས་རྒྱག་ས་ཡིན་ལ། འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་པ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་བཅས་ཀྱི་འདེགས་སྐྱོར་གལ་ཆེན་ཡང་ཡིན། “དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས། རྒྱལ་ཁབ་ལ་མཁོ་བ་དང་མཚོ་སྔོན་གྱིས་ནུས་པ། མང་ཚོགས་ཀྱི་རེ་སྒུག མ་འོངས་པའི་ཁ་ཕྱོགས་བཅས་གཏན་འཁེལ་བྱས་ཏེ། ཤུགས་ཚད་སྔར་ལས་ཆེ་བ་དང་བྱ་ཐབས་སྔར་ལས་ཏན་ཏིག་སྒོས“དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་སྒོ་ནས་དེང་རབས་ཅན་གྱི་མཐོ་སྒང་ཆུ་དྲ་འཆར་འགོད་འཛུགས་སྐྲུན་བྱས་ཏེ། ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་མ་ལག་འཛུགས་པ། ཆུའི་དྲ་བའི་གྲངས་རིག་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། མ་ལག་ཆ་ཚང་བ་དང་བདེ་འཇགས་བློས་འགེལ་ཆོག་པ། ལེགས་བསྡུས་ཞིབ་གཉེར་དང་ལས་ཆོད་ཆེ་བ། ལྗང་མདོག་རིག་ནུས། འཁོར་རྒྱུག་ལེགས་པ། སྙོམས་སྒྲིག་གོ་རིམ་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་མཐོ་སྒང་གི་ཆུ་དྲ་མགྱོགས་མྱུར་སྒོས་འཛུགས་དགོས། སྤུས་ཚད་མཐོ་བའི་སྒོ་ནས་རྣམ་པ་གསར་པའི་གློག་དྲ་གསར་པ་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་རྩེ་གཅིག་ཏུ་དམིགས་ཏེ། རྟེན་གཞི་ཆེན་པོ་དང་ཕྱི་སྐྱེལ་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། མཚོ་སྔོན་གྱི་ལྗང་གློག་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ལྗང་གློག་སེལ་བར་སྐུལ་འདེད་གཏོང་བ། གློག་དྲ་རིག་ནུས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ། དེང་རབས་ཅན་གྱི་གློག་དྲ་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱ་དགོས། སྤུས་ཚད་མཐོ་བའི་འཆར་འགོད་འཛུགས་སྐྲུན་གྱི་རྩིས་རྒྱག་དྲ་བ་དེ་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་རྒྱག་དྲ་བའི་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། ལྗང་མདོག་རྩིས་གློག་གི་ཁྱུ་ཚོགས་སྟོབས་ཆེར་གཏོང་བ། རྩིས་རྒྱག་དྲ་བ་མཉམ་འདྲེས་ཇེ་མགྱོགས་སུ་གཏོང་བ། མི་ཐབས་རིག་ནུས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། ལྗང་མདོག་ཐཱན་ཉུང་དང་རྩིས་དྲ་མཉམ་ལས། བདེ་འཇགས་བློས་འགེལ་ཆོག་པ་བཅས་ཀྱི་རྩིས་ནུས་དྲ་བ་མགྱོགས་མྱུར་སྒོས་འཛུགས་དགོས། སྤུས་ཚད་མཐོ་བའི་སྒོ་ནས་དུས་རབས་གསར་པའི་འཕྲིན་གཏོང་དྲ་བ་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ། ས་ཁོངས་ཡོངས་ཀྱི་ལངས་གཟུགས་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། མཐོ་སྒང་ལ་འཚམ་པའི་འཕྲིན་གཏོང་ལག་རྩལ་སྒྱུར་བཀོད་བྱས་ནས་འཛུགས་སྐྲུན་དང་བེད་སྤྱོད་མཉམ་སྡེབ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁེབས་རྒྱ་སྔར་ལས་ཆེ་བ་དང་། མྱུར་ཚད་སྔར་ལས་མཐོ་བ། འོས་འཚམ་རང་བཞིན་སྔར་ལས་ཆེ་བ་བཅས་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གྱི་ས་འོག་སྦུག་དྲ་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དང་། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། ཡོངས་ཁྱབ་ཞིབ་བཤེར་མཐིལ་རྟོགས་དང་མ་ལག་འཆར་འགོད་ལེགས་པར་སྒྲུབ་པ་དང་། ཞན་ཆ་ཁ་གསབ་པར་དམིགས་ནས་འགག་སྒྲོལ་བསྒྱུར་བཀོད་བྱེད་པ། སྐྱེལ་འདྲེན་དོ་དམ་དང་བློ་གྲོས་ནུས་པའི་མ་ལག་འཐུས་ཚང་དུ་གཏོང་བ། སྒྲིག་བཀོད་སྔར་ལས་འཐུས་ཚང་དང་། འཁོར་སྐྱོད་སྔར་ལས་བདེ་འཇགས། དོ་དམ་སྲུང་སྐྱོང་སྔར་ལས་ཞིབ་ཚགས་བཅས་ཡིན་པའི་གྲོང་ཁྱེར་གྱི་ས་འོག་སྦུག་དྲ་མགྱོགས་མྱུར་འཛུགས་དགོས། སྤུས་ཚད་མཐོ་བའི་སྒོ་ནས་དངོས་ཟོག་སྐྱེལ་འདྲེན་དྲ་བ་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དང་། འགག་རྩའི་བགྲོད་ལམ་གྱི་བཀོད་པ་ལེགས་བསྒྱུར་བྱེད་པ། སྣ་མང་མུ་ཕྲེང་སྐྱེལ་འདྲེན་འཐུས་ཚང་དུ་གཏོང་བ། ཚོང་གཉེར་བྱེད་པོ་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ཏེ། བདེ་འཇགས་དང་སྟབས་བདེ། ལས་ཆོད་ཆེ་བ། ལྗང་མདོག དཔལ་འབྱོར་བཅས་ལྡན་པའི་དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་དྲ་བ་མགྱོགས་མྱུར་ངང་འཛུགས་དགོས།
ལུའོ་ཏུང་ཁྲོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་ཀྱི་བསམ་བཀོད་གཅིག་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག མཉམ་ཤུགས་འདོན་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། བྱ་བར་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ཏན་ཏིག་བྱེད་པ། མ་དངུལ་གྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཡག་པོ་བྱེད་པ། དམར་ཐིག་དང་ཚད་མཐའ་ནན་སྲུང་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེན་པོ། དངོས་སྒྲུབ་བཅས་ཀྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས། “དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་དོན་འཁྱོལ་ནན་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན།
ཀྲང་ཅིན་ཀང་དང་ཝང་ཧེ་ཧུང་། ཁྲེང་ཅི་ལེ་བཅས་ཚོགས་འདུར་ཞུགས།