སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ8པའི་ཚེས19ཉིན་གྱི་ཕྱི་དྲོར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་གཙོ་སྒྲུབ་བྱས་པ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་འགན་སྒྲུབ་བྱས་པ། ཀྲུང་གུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ། རྨ་སྟོད་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གིས་རོགས་སྒྲུབ་བྱས་པའི“སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས”ཞེས་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏི་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ནི་ཉེ་བའི་ལོ་ཤས་རིང་མི་གཞུང་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་སུ་དོ་ཁུར་ཆེན་པོ་བྱེད་པའི་རིག་གཞུང་གླེང་མང་བ་དང་རིག་གནས་ཀྱི་ལྟེ་བ་ཞིག་རེད། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་དང་། ལོ་རྒྱུས། རིག་རྟེན། མི་རིགས། ས་ཁམས། གནའ་ཡིག རིག་དངོས་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ16གིས་རང་རང་གི་ཆེད་ལས་ཁྱབ་ཁོངས་སུ་རྐང་བཙུགས་ཏེ། གནའ་རྫས་རྟོག་ཞིབ་རིག་པ་དང་། ལོ་རྒྱུས་རིག་པ། ས་ཁམས་རིག་པ། མི་རིགས་རིག་པ། བྲག་རིས་རིག་པ། ཁྱབ་སྤེལ་རིག་པ་སོགས་རིག་གཞུང་ཚན་ཁག་མང་པོའི་རིགས་པའི་གཞུང་ལུགས་དང་ཞིབ་འཇུག་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས། སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་གནའ་རྫས་རྟོག་ཞིབ་ཚད་ལེན་ལོ་དང་། རིག་དངོས་སྲུང་སྐྱོབ། གནའ་ཡིག་ཞིབ་འཇུག མཐོ་སྒང་གི་ས་ཁམས་ཁུངས་འཚོལ་ར་སྤྲོད། འགྲིམ་འགྲུལ་ལོ་རྒྱུས་ལེགས་སྒྲིག ཁུ་ནུ་རིག་གནས་འཆད་འགྲེལ། ཐང་བོད་གནའ་ལམ་རིག་གནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་སོགས་ལ་དམིགས་ནས་ཞིབ་འཇུག་གཏིང་ཟབ་དང་། རིག་གཞུང་མཉམ་གྲོས་དང་གྲུབ་འབྲས་མཉམ་སྤྱོད་བཅས་བྱས་ཏེ། སློབ་སྦྱོང་གི་རྗེས་དཔག་དང་གསར་གཏོད་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ལྡན་པར་བྱས།

ཚང་མས་བསྟན་དོན། ཐེངས་འདིའི་ཆེད་དོན་བགྲོ་གླེང་ཚོགས་འདུར་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ཚད་མཐོ་བ་དང་། རིག་གཞུང་ཚན་ཁག་གི་ཁྱབ་རྒྱ་ཆེ་བ། ཞིབ་འཇུག་བྱེད་ཐབས་སྣ་མང་བཅས་ཡིན་པས། ཞིབ་འཇུག་གི་གྲུབ་འབྲས་གཡུར་དུ་ཟ་ཞིང་ཏན་ཏིག་ཡིན་པ་དང་རིན་ཐང་ཆེན་པོ་ལྡན་པས། སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ལ་མ་ལག་རང་བཞིན་གྱི་ཞིབ་འཇུག་དང་ཚན་རིག་ཅན་གྱི་སྲུང་སྐྱོབ་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། མདོ་དབུས་མཐོ་སྒང་གི་ལོ་རྒྱུས་རིག་གནས་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ། ཁུ་ནུ་རིག་གནས་ཀྱི་རིག་གཞུང་ཚན་ཁག་མ་ལག་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་རོགས་རམ་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་དང་རིག་གཞུང་གི་རིན་ཐང་གལ་ཆེན་ལྡན་ཟེར།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།