ཟླ8པའི་ཚེས19ཉིན། ཁུ་ནུ་རིག་གནས་གླེང་སྟེགས་ཀྱི་སྐྱེ་ཁམས་དང་མི་གཞུང་མཉམ་འགྲོའི་གླེང་སྟེགས་བསྡུས། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་ལས་རིགས་ཀྱི་འཐུས་མི་བཅས་མཉམ་དུ་འཛོམས་ཤིང་། རྨ་འབྲི་རྫ་གསུམ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་གི་ལྷན་ནུས་དང་གཏིང་ཟབ་པའི་མི་གཞུང་གི་ནང་དོན་ལ་རྐང་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་རྒྱུན་འཛིན། ལྗང་མདོག་འཕེལ་རྒྱས་བཅས་ལ་དམིགས་ནས། སྐྱེ་ཁམས་དང་མི་གཞུང་གི་ལྷན་ནུས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ཐབས་ལམ་གྲོས་བསྡུར་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཚོགས་འདུར་ཞུགས།
མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡིན་ལ། ཁུ་ནུ་རིག་གནས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རིག་གནས་ཀྱི་ཐེག་ནུས་ཁུལ་གཙོ་བོ་ཡིན། མཐོ་སྒང་གི་ས་གཞི་ཆེན་མོར་འཚོ་བ་རོལ་མཁན་གྱི་རིགས་སོ་སོའི་མང་ཚོགས་ཚོས་རི་ཆུར་བཀུར་ཞིང་ཚེ་སྲོག་ལ་བྱམས་སྐྱོང་བྱས་ཏེ། བབ་ཆགས་ལ་སྲོལ་རྒྱུན་གྱི་རྫོང་མཐུག་པའི་སྐྱེ་ཁམས་འདུ་ཤེས་ཆགས་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་རི་ཆུའི་སྣང་འཆར་ཁོ་ནར་ལྟ་མི་རུང་བར། མཐོ་སྒང་གི་མི་གཞུང་གི་རྨང་གཞི་སྔར་ལས་གཏིང་ཟབ་པར་སྔོག་འདོན་བྱས་ཏེ། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་མི་གཞུང་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་གཉིས་ཕན་ཚུན་སྐུལ་འདེད་དང་མཉམ་སྐྱོད་ཐུབ་པ་བྱེད་དགོས། སྐུ་མགྲོན་གྱི་གཏམ་བཤད་རིམ་པ་མཐོ་བ་དང་ནང་དོན་རྒྱ་ཆེ་བ་མ་ཟད། དམིགས་སའི་རང་བཞིན་གྱི་གྲོས་འགོ་ཡང་བཏོན་ནས། སྲོལ་རྒྱུན་གྱི་སྐྱེ་ཁམས་བློ་གྲོས་དང་དེང་རབས་ཀྱི་བཅོས་སྐྱོང་བྱེད་སྟངས་ཟུང་འབྲེལ་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ནས། རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་གཏམ་རྒྱུད་དང་མི་གཞུང་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་། རིག་གཞུང་ཞིབ་འཇུག་དང་སྤྱི་པའི་ཁྱབ་སྤེལ། མང་ཚོགས་ཀྱི་ངོས་འཛིན་བཅས་ཀྱི་བགྲོད་ལམ་ཤར་གཏོང་ཐུབ་པ་བྱས་ཏེ། མི་སྔར་ལས་མང་པོར་མཚོ་སྔོན་གྱི་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་བརྟན་སྲུང་ཤེས་སུ་འཇུག་དགོས།
གླེང་སྟེགས་ཐོག ཚོགས་ཞུགས་ཕྱོགས་སོ་སོས་ཐུན་མོང་གི་ངོས་འཛིན་ཆགས་པར་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱེད་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་དང་གཞི་རིམ་མང་ཚོགས། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་ཕྱོགས་མང་པོའི་སྟོབས་ཤུགས་འདོན་སྤེལ་བྱས་ནས། དམངས་ཡོངས་ཟབ་ཞུགས་བྱེད་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྣམ་པ་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་དང་མི་གཞུང་གི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ། ཁུ་ནུ་རིག་གནས་གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་སོགས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ནས་སྐྱེ་ཁམས་བཟང་བ་དང་། རིག་གནས་དར་ཞིང་རྒྱས་པ། མང་ཚོགས་ཕྱུག་པོར་འགྱུར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས།