མཚོ་སྔོན་གྱི་སྡེ་ཁག་བརྒྱད་ཀྱིས་མཉམ་འབྲེལ་སྒོས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་སྒྲིག་སྲོལ་གསར་བ་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས་འབྱོར་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་དང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིང་། ཞིང་ཆེན་འཕྲིན་བཅར་ཅུས། ཞིང་ཆེན་གཞི་གྲངས་ཅུས་བཅས་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་དོ་དམ་ཁྱབ་ཁོངས་སུ་ཞུ་གཏུག་གཏུག་བཤེར་དབང་ཆ་གང་འདོད་དུ་སྤྱད་ནས་བསམ་བཞིན་དུ་སྐྱིན་ཚབ་ལེན་པའི་བྱ་སྤྱོད་ཐག་གཅོད་པའི་མཛུབ་སྟོན་བསམ་འཆར་དངོས་སུ་འགྲེམ་སྤེལ་བྱས་ཏེ། 2026ལོའི་ཟླ9པའི་ཚེས10ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

བསམ་འཆར་ལས་བསམ་བཞིན་དུ་སྐྱིན་ཚབ་ལེན་པའི་དཔེ་མཚོན་སྤྱོད་ཚུལ་རིགས་བཅུ་གསུམ་གཏན་འཁེལ་བྱས་པ་སྟེ། འཚོ་བའི་འཛད་སྤྱོད་དམིགས་འབེན་མ་ཡིན་པར་ཁེ་སྤོགས་ཀྱི་ཆེད་དུ་སྐྱིན་ཚབ་མང་པོ་ལེན་པ་དང་། ཚོང་ཟོག་གི་སྤུས་ཀར་ཤུགས་རྐྱེན་མ་ཐེབས་རུང་མཚོན་རྟགས་ལ་སྐྱོན་ཙག་ཙིག་ཡོད་པར་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་ལེན་པ། དཔང་ཡིག་རྫུན་མ་བཟོས་ནས་ཚོང་གཉེར་བར་འཇིགས་སྐུལ་གྱིས་ལུགས་མཐུན་མིན་པའི་འགྲོ་གྲོན་སྤྲོད་དུ་བཅུག་པ། མ་དཔེ་ཅན་གྱི་རྣམ་པས་ཞུ་གཏུག་བྱས་ནས་ཁེ་སྤོགས་ལེན་པ་སོགས་ཀྱི་བྱ་སྤྱོད་འདུས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ལྟ་སྐུལ་དོ་དམ་བརྡར་གཅོད་ཚད་གཞི་གཅིག་གྱུར་བྱས།  

ཡིག་ཆ་ལས་བརྒྱུད་རིམ་ཧྲིལ་བོའི་ཐག་གཅོད་སྒྲིག་སྲོལ་ཚད་ལྡན་བཟོས་པ་སྟེ། རྒྱུན་ལྡན་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་བའི་བརྒྱུད་ལམ་གེགས་མེད་ཡོང་བར་བྱེད་པ་དང་། དེ་དང་མཉམ་དུ་ཚོང་གཉེར་བར་ཐག་གཅོད་བྱས་ནས་དམངས་དོན་འདུམ་འགྲིག་བྱ་བའི་ཚབ་བྱེད་པ་དང་ཞུ་གཏུག་ཕྱིར་འཐེན་གྱི་ཆེད་དུ་སྐྱིན་ཚབ་སྤྲོད་དུ་འཇུག་པའི་བྱ་སྤྱོད་གཏན་འགོག་བྱེད་པ། མགོ་གཡོག་མགོ་སྐོར་དང་རྒྱུ་དངོས་བཙན་ལེན་ལ་གཏོགས་པའི་བསམ་བཞིན་དུ་སྐྱིན་ཚབ་ལེན་པའི་ཁུངས་སྣེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ཀྱིས་བདའ་འདེད་བྱེད་པར་བརྒྱུད་སྤྲོད་བྱ་རྒྱུ། སྤྱོད་ཚུལ་རིགས་བཞི་པོ་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གྱི་གྱོད་གཞིའི་ཁྱབ་ཁོངས་སུ་མི་གཏོགས་པ་གཏན་འཁེལ་བྱས་ལ། སྲིད་འཛིན་འགན་དབང་གི་དབྱེ་མཚམས་གསལ་འབྱེད་བྱས་ཤིང་། དེ་དང་མཉམ་དུ་བསམ་བཞིན་དུ་སྐྱིན་ཚབ་བླངས་པའི་ཚོང་གཉེར་གཙོ་གཞིས་དམངས་དོན་གཏུག་བཤེར་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཁྲིམས་ལྟར་ཁེ་དབང་སྲུང་བར་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན།

སྒྲིག་སྲོལ་གསར་བ་ལས་འགན་འཁྲི་ཉུང་དུ་གཏོང་བའི་བྱེད་ཐབས་མང་པོ་བཏོན་པ་སྟེ། ཞིང་ཆེན་ཡོངས་ཀྱི་སྡེ་ཁག་བརྒལ་བའི་བསམ་བཞིན་དུ་སྐྱིན་ཚབ་ལེན་པའི་རྒྱུན་ལྡན་མིན་པའི་མིང་ཐོ་བཟོས་པ་དང་། དོ་བདག་མི་སྒེར་གྱི་ཆ་འཕྲིན་དང་བསྐྱར་བཤེར་དབང་ཆར་སྲུང་སྐྱོབ་ནན་མོ་བྱས། ཞུ་གཏུག་གཏུག་བཤེར་གྱི་རྒྱུགས་བཤེར་རྐྱེན་སྲོལ་ལེགས་སྒྱུར་བྱས་ལ། ཡིད་ཚིམ་ཚད་སོགས་ཕྱོགས་རིས་ཅན་གྱི་སྟོན་གྲངས་ལ་བརྟེན་ནས་གཞི་རིམ་གྱི་གཏུག་བཤེར་ཕྱིར་འཐེན་བྱེད་དུ་མི་འཇུག་པ། ཁས་ལེན་བྱས་པའི་བསམ་བཞིན་དུ་སྐྱིན་ཚབ་ལེན་པའི་རེ་འདུན་དེ་འབྲེལ་གཏུག་ཨང་གྲངས12345ཡི་རྒྱུགས་བཤེར་ཁྲོད་མ་བཞག་པར་སྲིད་དོན་ཐོན་ཁུངས་ཀྱིས་རྒྱུན་ལྡན་གྱི་དམངས་འཚོའི་རེ་འདོད་གཅིག་བསྡུས་བྱས།

རྗེས་ཕྱོགས་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཆུང་གྲས་ལ་དམིགས་ནས་ལུགས་མཐུན་གྱི་གསོ་སྦྱོང་སྤེལ་བ་དང་། དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས་ཏེ། ཚོང་གཉེར་གཙོ་གཞིའི་འགན་འཁྲི་སྔར་ལས་ཇེ་ཡང་དུ་གཏོང་བ་དང་། སྔར་ལས་འདྲ་མཉམ་རིམ་ལྡན་གྱི་ཁྲོམ་རའི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།