ཟླ8པའི་ཚེས18ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། གྲོས་ཚོགས་ལས་ཀྲུང་དབྱང་འཐབ་ཕྱོག་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་ལག་བསྟར་དོན་འཁྱོལ་གནས་ཚུལ་ཁྱབ་བསྒྲགས་བྱས།
གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཁོངས་གཏོགས་ལས་ཁུངས་སོ་སོས་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ལས་འགན་ལག་བསྟར་ནན་མོ་བྱས་ལ། ནུས་ཤུགས་ཡོད་རྒུས་དགེ་མཚན་གྱི་ནུས་པ་འདོན་སྤེལ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་དྲིལ་སྒྲོག་ཁྲིད་སྟོན་ཇེ་ལེགས་སུ་བཏང་ཞིང་། མཉམ་འབྲེལ་རྩ་འཛུགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་གསར་བ་བདེ་ཐང་ངང་འཚར་ལོངས་འབྱུང་བར་རོགས་ཤུགས་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་ཧུར་ཐག་གིས་བྱས་རྗེས་བཞག་པས། གྲུབ་འབྲས་ལ་ཁས་ལེན་བྱ་འོས། དེ་དང་མཉམ་དུ་གཙོ་གཉེར་སྡེ་ཁག་ཁ་ཤས་ཀྱི་ནུས་པ་འདོན་སྤེལ་གྱི་གྲུབ་འབྲས་མངོན་གསལ་མིན་ཞིང་མཉམ་འབྲེལ་རྩ་འཛུགས་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་མེད་པ་སོགས་ཀྱི་ཞན་ཆ་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་གྱི་སྟོབས་ཤུགས་གཙོ་བོ་ཡིན་པས། སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པར་བསྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་གོ་བ་ཟབ་མོ་བྱེད་པ་དང་། མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་ཀྱི་ནུས་པའི་ངེས་གནས་ལ་ཡང་དག་སྒོས་རྒྱུས་ལོན་བྱེད་དགོས། འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་དེ་དངོས་ཡོད་དང་འགུལ་རྣམ་ཅན་དུ་བསྒྱུར་དགོས། བྱེད་ཐབས་དང་ཐབས་ལམ་གསར་གཏོད་བྱེད་པ་དང་། གྲལ་རིམ་གསར་བའི་མི་སྣའི་གཞུང་ལུགས་ཀྱི་བྱང་ཚད་མཐོར་འདེགས་དང་བསམ་ཕྱོགས་གསལ་བོ་ཡིན་པར་རོགས་རམ་བྱ་དགོས། གྲལ་རིམ་གསར་བའི་མི་སྣའི་དངོས་ཡོད་དགོས་མཁོ་ནས་མགོ་བརྩམ་སྟེ། གནད་འཁེལ་ནུས་ལྡན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། འཚར་ལོངས་དང་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ཆབ་སྲིད་ཀྱི་བློ་རྩ་བརྟན་ཞིང་ལས་སྒོར་བྱང་ཆ་ཡོད་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ལས་བྱེད་པའི་དཔུང་སྡེ་སྒྲིག་འཛུགས་བྱས་ནས། སྤྱི་ཚོགས་དུས་རིམ་གསར་བའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
གྲོས་ཚོགས་སྟེང་། 《ཀྲུང་གོའི་ཚན་རྩལ་གསར་གཏོད་ཅེས་པའི་མཚོ་སྔོན་ཞབས་ཞུ་ཚོགས་པའི་འགུལ་སྐྱོད་ཇུས་གཞིར》གྲོས་ཞིབ་བྱས་པ་དང་། མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་ཁ་ཤས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།