ཐེན་ཅིན་གྲོང་ཁྱེར་གྱི་རི་མོ་བའི་ཀྲུང་གོའི་རི་མོ་བརྩམས་ཆོས་འགྲེམ་སྟོན་རྨ་ལྷོ་རུ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས17ཉིན། སེ་འབྲུའི་འཆར་འགོད་ལས་མིང་གྲགས་ཅན་གྱི་མི་སྣ་རྨ་ལྷོ་རུ་བསྐྱོད་པའི་མུ་འབྲེལ་བྱེད་སྒོ་སྟེ་རི་ཆུས་བརྩེ་སེམས་མཉམ་དུ་སྦྲེལ་བ་དང་ཐེན་ཅིན་གྱི་རི་མོས་རྨ་ལྷོ་ལ་མཚར་སྡུག་བསྐྲུན་ཞེས་པའི་ཐེན་ཅིན་གྲོང་ཁྱེར་གྱི་རི་མོ་བའི་ཀྲུང་གོའི་རི་མོ་བརྩམས་ཆོས་འགྲེམ་སྟོན་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་དངོས་སུ་སྤེལ་མགོ་བརྩམས། ཐེན་ཅིན་དང་མཚོ་སྔོན་ས་གནས་གཉིས་ཀྱི་རི་མོ་བ་གྲགས་ཅན་མང་པོ་རེབ་གོང་གསེར་མོ་ལྗོངས་སུ་མཉམ་འཛོམས་ཀྱིས་པིར་སྨྱུག་སྦྲེལ་ཐག་ཏུ་བྱས་ནས། ས་གནས་གཉིས་ཀྱི་རིག་གནས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཟབ་སྤེལ་བྱས།

ཀྲུང་གོ་རི་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཐེན་ཅིན་གྲོང་ཁྱེར་རི་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཅཱ་ཀོང་ཅཱན་གྱིས་ཐེན་ཅིན་གྱི་རི་མོ་བ་གྲགས་ཅན་བཅུ་གཉིས་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་ཐེངས་འདིའི་བྱེད་སྒོར་ཞུགས། ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁན་པོ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་བློ་བཟང་བསྟན་པ་དང་དགེ་འདུན་དར་རྒྱས་སོགས་ས་གནས་ཀྱི་སྒྱུ་རྩལ་བའི་འཐུས་ཚབ་ཡུལ་དངོས་སུ་འབྱོར་ཡོད།

ཐེན་ཅིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ཕའེ་ཀྲི་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཐེན་ཅིན་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས2010ལོ་ནས་བཟུང་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཡོད་ལ། མཉམ་དུ་ལག་རྡང་སྦྲེལ་ནས་ལོ་ངོ་བཅུ་དྲུག་ལྷག་འགོར་ཡོད་པས། ས་གནས་གཉིས་ཀྱི་མང་ཚོགས་བར་རི་ཆུ་སྟོང་ཕྲག་བརྒལ་བའི་མཛའ་བརྩེ་ཟབ་མོ་ཆགས་ཡོད། རྨ་ལྷོ་ཁུལ་འདི་འཛམ་གླིང་གི་ཐང་གའི་སྒྱུ་རྩལ་གྱི་ཕ་ས་དང་རེབ་གོང་སྒྱུ་རྩལ་གྱི་ལྟེ་བའི་རྒྱུན་འཛིན་ཁུལ་ཡིན་སྟབས། ད་སྔ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་བདུན་བརྒྱ་དང་གཅིག་ཡོད་ལ། དེས་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྤྱིའི་སུམ་ཆའི་གཅིག་ཟིན་ཡོད་པས། རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཐེངས་འདིར་ཐེན་ཅིན་གྱི་རི་མོ་བ་གྲགས་ཅན་དག་རྨ་ལྷོ་ཁུལ་དུ་བསྐྱོད་དེ་བརྩམས་ཆོས་འགྲེམ་སྟོན་དང་རྒྱུ་ཆ་སྡུད་ལེན་གྱི་བྱེད་སྒོ་སྤེལ་བ་ནི་ཐེན་ཅིན་དང་མཚོ་སྔོན་གྱི་རིག་གནས་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པར་མ་ཟད། སེ་འབྲུའི་འཆར་འགོད་དངོས་སུ་ལག་བསྟར་བྱས་ཏེ། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

ཐེངས་འདིའི་རི་མོའི་བརྩམས་ཆོས་འགྲེམ་སྟོན་ཁྲོད་ཐེན་ཅིན་གྱི་རི་མོ་བས་རྨ་ལྷོ་ཁུལ་གྱི་རི་ཆུ་དང་མི་གཞུང་། དམངས་སྲོལ་དང་ཡུལ་སྲོལ་བཅས་ལ་གཞིགས་ནས་གསར་རྩོམ་བྱས་པའི་ཀྲུང་གོའི་རི་མོ་བརྩམས་ཆོས་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་པ་དང་། རྒྱུས་ལོན་པ་ལྟར་ན། སྒྱུ་རྩལ་བ་རྣམས་ཀྱིས་ཡུལ་དངོས་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ། རྨ་ལྷོའི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་བརྩམས་ཆོས་སྐོར་ཞིག་གསར་རྩོམ་བྱ་རྒྱུ་དང་། ཐེན་ཅིན་དང་མཚོ་སྔོན་གྱི་རི་མོ་བ་ཚོས་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟོས་བྱེད་པར་སྐུལ་འདེད་བཏང་ནས། རེབ་གོང་སྒྱུ་རྩལ་རྒྱུན་འཛིན་གསར་གཏོད་ལ་སྟོབས་ནུས་སྩོལ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།