ཞིང་ཆེན་སྲིད་གྲོས་ཀྱིས་ཟུང་ཟླའི་གྲོས་བསྡུར་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས18ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཟུང་ཟླའི་གྲོས་བསྡུར་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། “སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་མཉམ་འབྲེལ་གསོ་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནར་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ”གཞིར་བཟུང་ནས་སྲིད་གླེང་གྲོས་མོལ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝིན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཁུང་ཡུང་། ལི་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་། ཐེན་ཁུའེ་ཡིས་བརྗོད་དོན་གཙོ་བོའི་སྙན་ཞུ་ཕུལ། ཚོགས་མི་དྲུག་གིས་སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ། མཉམ་འབྲེལ་གྱིས་མི་གསོ་སྐྱོང་བྱེད་པ། དེ་མིན་སེམས་ཁམས་སྲུང་སྐྱོབ་སོགས་ཀྱི་ཐད་ནས་སྲིད་གླེང་གྲོས་འདོན་བྱས། ཚང་མས་གཅིག་མཐུན་གྱིས་ངོས་འཛིན་བྱས་དོན། ནར་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་བྱེད་རྒྱུ་ནི་མ་ལག་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་ལས་གཞི་ཞིག་ཡིན་པས། སྡེ་ཚན་ཁག་གིས་རང་འགན་ལ་གཞི་ཚུགས་ཏེ་མཉམ་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕུགས་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། “སློབ་གསོ་ལྔ”ཡི་མཉམ་འདྲེས་ཟབ་སྤེལ་བྱེད་པ། དྲ་རྒྱའི་འགོག་སྲུང་བརྟན་པོར་གཏོང་བ། ཐུན་མོང་གསོ་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་ནར་མ་སོན་པའི་མིའི་སྲུང་སྐྱོང་དང་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཟེར།

དབྱང་ཀྲི་ཝུན་གྱིས་ཁོ་ཚོའི་གཏམ་བཤད་ལ་ནན་ཏན་ངང་གསན་པ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གླེང་གྲོས་མོལ་བྱས་པར་ཁས་ལེན་གང་ལེགས་དང་གདེང་འཇོག་མཐོན་པོ་གནང་བ་མ་ཟད། རང་ཞིང་གིས་སློབ་གྲྭ་དང་ཁྱིམ་ཚང། སྤྱི་ཚོགས་གསུམ་གྱིས་མཉམ་དུ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ནར་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་ཐད་ཀྱི་གྲུབ་འབྲས་གཙོ་བོ་ངོ་སྤྲོད་གནང་བར་མ་ཟད། གོམ་སྟབས་རྗེས་མའི་བསམ་ཕྱོགས་དང་བྱེད་ཐབས་ཀྱང་བཏོན།

མགོན་པོ་བཀྲ་ཤིས་ཀྱི་བསྟན་དོན། ནར་མ་སོན་པའི་མི་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན། ནར་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་མདུན་ལམ་དང་མི་རིགས་ཀྱི་ལས་དབང་ལ་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་ཀ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་སྐོར་ལ་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། མུ་མཐུད་དུ་ནར་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་གི་ལས་དོན་ལ་དོ་ཁུར་ཆེན་པོ་བྱས་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་དང་ཐུན་མོང་གིས་འབད་བརྩོན་བྱེད་པ། མཐུན་སྦྱོར་སྐུལ་སྤེལ་བཅས་ཀྱི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས་ལ། བློ་གྲོས་གཅིག་སྡུད་སྒོས་སློབ་གྲྭ་དང་ཁྱིམ་ཚང། སྤྱི་ཚོགས་གསུམ་མཉམ་དུ་གསོ་སྐྱོང་བྱེད་པའི་ལམ་སྲོལ་སྔར་བས་འཕེལ་རྒྱས་སུ་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ནར་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་གི་ཉམས་མྱོང་དང་མིག་དཔེ་བཟང་པོ་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ནང་ཞུགས་མཁན་གྱི་ལས་ཁུངས་ཁག་གིས་མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་བཟུང་བའི་གནས་བབ་དང་བྱེད་ནུས་ལ་ངོས་འཛིན་ལེགས་པོ་བྱས་ཏེ། ལས་རིགས་སོ་སོའི་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ། མུ་མཐུད་དུ་ནར་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་ལ་དམིགས་ནས་བློ་འདོན་ཇུས་འབུལ་ཧུར་ཐག་བྱེད་པ་དང་། ལྟ་བ་རྒྱ་ཁྱབ་ཏུ་གཅིག་ཏུ་སྒྲིལ་བ། གྲུབ་འབྲས་ཀྱི་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། རང་རྟོགས་ཀྱིས་རང་ཞིང་གི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་མཁན་དང་སྐུལ་འདེད་མཁན། ལག་བསྟར་མཁན་བཅས་བྱས་ནས་རྒྱལ་ཁབ་ཡུན་རིང་བདེ་འགོད་དང་མི་རིགས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྲིད་གྲོས་ཀྱི་ཤེས་རབ་དང་སྟོབས་ཤུགས་འབུལ་དགོས།

ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག གྲོང་ཁྱེར་དང་ཁུལ་ཁག་ཅིག་གི་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།