སྡེ་ཚན་མང་པོས་ཡིག་ཆ་བཏོན་ནས་ཞིང་ལས་ཀྱི་ཆུ་འདྲེན་ཆུ་སྤྱོད་བདེ་འཇགས་སྔར་བས་འགན་ལེན་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་དང་མཉམ་དུ་ཉེ་ཆར་མཉམ་འབྲེལ་ཐོག་བརྡ་ཐོ་དཔར་འགྲེམ་བྱས་ནས། བཟོ་ལས་དང་སྒོ་ཕྱུགས་ཁྱིམ་བྱ་གསོ་སྤེལ་སོགས་ཁེ་ལས་ཀྱི་བཙོག་ཆུའི་སྦགས་བཙོག་གི་ཉེན་ཁ་སྔོན་འགོག་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཞིང་ལས་ཀྱི་ཆུ་འདྲེན་ཆུ་སྤྱོད་བདེ་འཇགས་ལ་སྔར་བས་འགན་ལེན་བྱས།

ཚེས17ཉིན་སྐྱེ་ཁམས་ཁོར་ཡུག་པུའི་ཆུའི་སྐྱེ་ཁམས་ཁོར་ཡུག་སིའི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱེད་རྒྱུར། ཉེ་བའི་ལོ་ཤས་རིང་བཟོ་ལས་ཁེ་ལས་ཁག་གཅིག་དང་། གླིང་ཁུལ། སྒོ་ཕྱུགས་ཁྱིམ་བྱ་གསོ་སྤེལ་ར་བ་སོགས་ས་ཞིང་འབྲེལ་ཡོད་ལ། དེ་དག་གི་བཙོག་ཆུ་འབུད་ཚད་དོ་དམ་ཚོད་འཛིན་གནད་ལ་འཁེལ་མེད་པས། ཞིང་ལས་ཀྱི་ཆུ་འདྲེན་ཆུའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་སྣང་ཆུང་བྱེད་མི་རུང་། ད་ཐེངས་པར་འགྲེམས་བྱས་པའི་བརྡ་ཐོའི་ནང་ཞིང་ལས་ཀྱི་ཆུ་འདྲེན་སྤྱོད་ཆུའི་བདེ་འཇགས་འགན་ལེན་བྱ་རྒྱུ་ལྟེ་བར་བྱེད་པ་དང་། འབྱུང་རྩ་སྔོན་འགོག་དང་བརྒྱུད་རིམ་ཚོད་འཛིན། མཇུག་མཐའི་ལྟ་སྐུལ་དོ་དམ་བཅས་གཙོ་གནད་དུ་བྱས་ནས། སྡེ་ཚན་ལས་བརྒལ་བ་དང་དུས་འཁོར་ཧྲིལ་པོའི་ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

བརྡ་ཐོའི་ནང་བར་མཐོངས་བཀོད་སྒྲིག་དང་། བཙོག་འབུད་དོ་དམ་ཚོད་འཛིན། ཆུའི་སྤུས་ཚད་འགན་ལེན། ལྟ་སྐུལ་དོ་དམ་ཁྲིམས་འཛིན་བཅས་ཕྱོགས་བཞིའི་ཐད་ནས་འབྲེལ་ཡོད་བྱེད་ཐབས་ཁ་གསལ་བཟོས་པ་སྟེ།

བརྡ་ཐོའི་ནང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དོ་དམ་ཚོད་འཛིན་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་སོགས་ཀྱི་ལྷུ་ཚིགས་སུ་ཞིང་སའི་མཐའ་འཁོར་དང་ཁ་སི་ཐེའི་ས་དབྱིབས་སོགས་ཉེན་ཁ་ཅུང་ཆེ་བའི་ས་ཁུལ་དང་། དེ་བཞིན་ཚྭ་དང་། ལྕི་བའི་ལྕགས་རིགས། དུག་ལྡན་གནོད་ཡོད་སྦགས་བཙོག་དངོས་པོ་སོགས་ཁྱད་ཆོས་ལྡན་པའི་སྦགས་བཙོག་དངོས་པོ་འབུད་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆོག་འཐུས་བླང་བྱ་སྔར་བས་ཚད་ལྡན་དུ་བཏང་ནས། རྫས་འགྱུར་བཟོ་ལས་གླིང་ཁུལ་སྤོ་སྒྱུར་གྱིས་སྤྲད་པའི་ཁོར་ཡུག་ཉེན་ཁ་གཏན་འགོག་བྱེད་དགོས་པར་བསྟན་ཡོད།

བརྡ་ཐོའི་ནང་། ཞིང་སའི་མཐའ་འཁོར་གྱི་བཟོ་ལས་གླིང་ཁུལ་གྱི་བཙོག་ཆུ་གཅིག་སྡུད་གཙང་སེལ་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། བཟོ་ལས་དང་སྒོ་ཕྱུགས་ཁྱིམ་བྱའི་གསོ་སྤེལ་གྱི་ཆུ་དང་འབྲེལ་བ་ཡོད་པའི་གནད་དོན་གྲལ་བཤེར་བཅོས་སྒྲིག་བྱེད་པ། བཟོ་ལས་ཁེ་ལས་ཀྱིས་ཁྱད་ཆོས་ལྡན་པའི་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱས་ནས་སྨད་རྒྱུད་ཀྱི་ཞིང་ལས་ཆུ་འདྲེན་ཆུ་སྤྱོད་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་རིགས་ལ་ས་གནས་ཀྱི་ཆུའི་སྦགས་བཙོག་དངོས་པོ་ཕྱིར་འབུད་ཀྱི་ཚད་གཞི་བཟོ་བཅོས་བྱེད་དགོས་ལ། བཙོག་འབུད་དོ་དམ་ཚོད་འཛིན་གྱི་བླང་བྱར་ཤུགས་སྣོན་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་། ཁེ་ལས་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན་གྱི་གཙོ་གཞིའི་འགན་འཁྲི་སྔར་བས་སྲ་བརྟན་དུ་བཏང་ནས། ཞིང་ནང་གི་ཆུ་འདྲེན་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་ཕྱོགས་སྟོན་འདོན་དགོས་པ་དང་། ས་གནས་ཀྱིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཆུ་འདྲེན་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་འཆར་གཞི་བཟོ་རྒྱུར་མཛུབ་ཁྲིད་བྱེད་དགོས་ཤིང་། ཞིང་ལས་ཆུ་འདྲེན་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཆ་འཕྲིན་བརྡ་ཁྱབ་གཏོང་བ་དང་། གྲངས་གཞི་མཉམ་སྤྱོད། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་བླང་བྱ་ཁ་གསལ་བཟོ་དགོས་པར་བཏོན་ཡོད། 

བརྡ་ཐོའི་ནང་། ཡུལ་དངོས་ཀྱི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་བྲག་ཞུན་བྲག་ཕུག་དང་། སིམ་དོང་། གས་སྲུབས་སོགས་སྤྱད་དེ། ཁྲིམས་འགལ་ངང་བཟོ་ལས་ཀྱི་བཙོག་ཆུ་དང་སྒོ་ཕྱུགས་ཁྱིམ་བྱའི་ལུད་སྙིགས་འབུད་པའི་བྱ་སྤྱོད་གཙོ་གནད་ཐོག་བཅོས་སྒྲིག་བྱེད་དགོས། ཁྲིམས་འཛིན་མཉམ་འགུལ་དང་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་འཐུས་ཚང་དུ་གཏོང་བ། ཁོར་ཡུག་སྦགས་བཙོག་བཟོ་བའི་ཉེས་གསོག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། སྲིད་ཇུས་གསལ་འགྲེལ་དང་དྲིལ་སྒྲོག་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་ཀྱི་ཁྲིམས་སྲུང་རང་རྟོགས་དང་གཞི་རིམ་གྱི་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།