ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་ལྕགས་ལམ་འཛུགས་སྐྲུན་ལ་སྤུས་ལེགས་ནུས་ཆེའི་སྐུལ་འདེད་བཏང་བ་དང་། ཟླ1པོ་ནས་ཟླ7པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐད་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར4406ལེགས་འགྲུབ་བྱུང་བ་དེ་དུས་མཉམ་ལས1.8%འཕར་བ་དང་། དེང་རབས་ཅན་གྱི་ལྕགས་ལམ་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། ལྕགས་ལམ་འཛུགས་སྐྲུན་ལ་མ་འཇོག་གི་སྐུལ་ཁྲིད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྩལ་ཡོད།
རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་རྒྱལ་ཁབ་ལྕགས་ལམ་ཚོགས་པས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་དང་འདེགས་སྐྱོར་བྱ་རྒྱུར་དམིགས་ནས། དྲ་བ་དང་འབྲེལ་ཐག་སྲ་བརྟན་དུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ལམ་དྲའི་གཞི་ཁྱོན་དང་སྤུས་ཚད་རྒྱུན་མཐུད་ངང་ཇེ་མཐོ་དང་། གཙོ་གནད་ལས་གྲྭའི་རྣམ་གྲངས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ཉེ་དུས་ཀོང་ཀྲོའུ་ནས་ཀྲན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧྥོ་ཧྲན་འབབ་ཚུགས་ཤར་གཏོང་ཐུབ་པ་དང་། ཞི་ཨན་ནས་ཨན་ཁང་བར་གྱི་མྱུར་བགྲོད་ལྕགས་ལམ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཚོད་ལྟ་བྱེད་མགོ་ཚུགས་པ་དང་། ཧའར་པིན་ནས་ཐིའེ་ལི་ནས་དབྱི་ཁྲུན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་མཉམ་འབྲེལ་སྙོམ་སྒྲིག་དང་མཉམ་འབྲེལ་ཚོད་ལྟ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ལ། ཞུང་ཨན་ཁུལ་གསར་ནས་ཞི་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་དུམ་མཚམས་ནུབ་མར་ལྕགས་ལམ་བཏིངས་ཡོད།
དེ་དང་ཆབས་ཅིག རྒྱལ་ཁབ་ལྕགས་ལམ་ཚོགས་པས་འཛུགས་སྐྲུན་ནང་ཞུགས་མཁན་གྱི་ལས་ཁུངས་ཁག་སྒྲིག་འཛུགས་བྱས་ནས། འཛུགས་སྐྲུན་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཁག་གཅིག་ལ་བརྟན་རླིང་ངང་སྐུལ་འདེད་བཏང་།
རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་བསྟན་དོན། རྗེས་མར་རྒྱལ་ཁབ་ལྕགས་ལམ་ཚོགས་པས་ལམ་ཐིག་གསར་པའི་འཆར་འགོད་འཛུགས་སྐྲུན་དང་སྤྱིར་བཏང་མྱུར་བགྲོད་ལྕགས་ལམ་གྱི་སྤུས་ཚད་ཇེ་མཐོ་དང་ནུས་པ་ཆེ་རུ་གཏོང་བ་དང་། ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན། གཉེར་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་ཨར་ལས་སྒྲིག་འཛུགས་ཚན་རིག་དང་མཐུན་པའི་སྒོ་ནས་ཇེ་ལེགས་སུ་གཏོང་བ། ལྕགས་ལམ་མ་འཇོག་གི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད། །