ཟླ8པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་ཚོང་ཚོགས་ཞང་ཀང་འབྲེལ་གཏུག་ཁྲུའུ་ཞང་ཀང་དུ་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས། ཞིང་ཆེན་ཚོང་དོན་ཐིང་དང་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འགན་ཁུར་པ་བྱེད་སྒོར་ཞུགས་པར་མ་ཟད། སྒོ་བྱང་གི་ཡོལ་རས་བླངས།
མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་ཚོང་ཚོགས་ཞང་ཀང་འབྲེལ་གཏུག་ཁྲུའུ་བཙུགས་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཆེན་ཞིག་ཡིན། འབྲེལ་གཏུག་ཁྲུའུ་ཡིས་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་ཚོང་གཉེར་འདེགས་སྐྱོར་དུ་བྱས་ནས་ཞང་ཀང་དང་ཨའོ་མོན་ས་ཁུལ་དུ་རྒྱུན་རྣམ་ཅན་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་གཏུག་སྟེགས་བུ་འཛུགས་རྒྱུ་རེད། འབྲེལ་གཏུག་ཁྲུའུ་ཡིས་འབྲེལ་ཟམ་ལྟ་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་མཐུད་དང་ལས་གཞིའི་གྲོས་མོལ། ཉོ་ཚོང་མཐུན་སྦྱོར་བྱེད་ཐབས་བཏོད་པ་དང་། ཞང་ཀང་དང་ཨའོ་མོན་གྱི་ཕྱི་ཕྱོགས་ཉོ་ཚོང་དྲ་རྒྱ་དང་འགྲེམ་སྟོན་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་རིག་གནས་ཡུལ་སྐོར། དག་གཙང་ནུས་ཁུངས་སོགས་དགེ་མཚན་ཐོན་ལས་ཁྱབ་གདལ་དུ་གཏོང་བ། ཞིང་ཆེན་ནང་ཁུལ་གྱི་ཚོང་གཉེར་གཙོ་གཞིས་ཕྱི་ཕྱོགས་ཉོ་ཚོང་ཐབས་ལམ་རྒྱ་བསྐྱེད་པར་རོགས་འདེགས་བྱེད་པ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ཚོང་འགུག་སྦྲེལ་མཐུད་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་ཞང་ཀང་དང་ཨའོ་མོན་གྱི་མ་རྩ་དང་སྤུས་ལེགས་ཐོན་ལས་མཚོ་སྔོན་དུ་རྩ་བ་ཚུགས་པར་སྐུལ་འདེད་གཏོང་རྒྱུ་རེད།
མཚོ་སྔོན་དང་ཞང་ཀང་གི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཞང་ཀང་དང་ཨའོ་མོན་ལ་ཁ་ཕྱོགས་པ་དང་ཕྱི་རྒྱལ་ལ་ཕྱིར་འཚོང་བྱེད་པའི་ཉོ་ཚོང་སྟེགས་བུ་བཙུགས་ནས་མཚོ་སྔོན་གྱི་ཚོང་ཟོག་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་ཆེད། ཞིང་ཆེན་ཚོང་དོན་ཐིང་དང་ཞིང་ཆེན་ཉོ་ཚོང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་འབྲེལ་གཏུག་ཁྲུའུ་འབྲེལ་ཐག་ཏུ་བྱས་ཏེ་མཚོ་སྔོན་དང་ཞང་ཀང་གི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་དུ་གཏོང་བ་དང་། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཞང་ཀང་ལ་མཁོ་འདོན་བྱེད་པ་དང་ཕྱི་རྒྱལ་དུ་ཕྱིར་འཚོང་བྱེད་པའི་བགྲོད་ལམ་བཏོད་པ། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་རང་འགུལ་ངང་ཐོན་རྫས་ཕྱིར་འཚོང་བྱེད་པར་སྣེ་ཁྲིད་བྱེད་པ། མཚོ་སྔོན་དང་ཞང་ཀང་གི་ཕྱོགས་གཉིས་མཐུན་སྦྱོར་མཉམ་སྒུལ་རྐྱེན་སྲོལ་ལ་བརྟེན་པ་སོགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་རོགས་འདེགས་བྱེད་རྒྱུ་རེད།