ཟླ8པའི་ཚེས16ཉིན། རྡོ་བརྐོས་རིག་གནས་ཤུལ་ནོར་གྱི2026ལོའི་ཡུའུ་ཧྲུའུ་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུའུ་ཧྲུའུ་གྲོང་ཁྱེར་ཡུལ་སྐོར་བསྡུ་འགྲེམ་ལྟེ་གནས་སུ་ཡོད་པའི་སྦྲ་ནག་ནང་འཚོགས། ཐེངས་འདིའི་བྱེད་སྒོ་ནི་ཡུའུ་ཧྲུའུ་གྲོང་ཁྱེར་ལོ་རྒྱུས་རིག་གནས་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་བྱས་པ་དང་། རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་མཐོ་རིམ་སློབ་གྲྭ་དང་། རིག་གནས་རྟེན་མཛོད་ལས་ཁུངས། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་ཀྱི་ཆེད་མཁས་གྲགས་ཅན། རང་ས་གནས་ཀྱི་རིག་གནས་ཞིབ་འཇུག་མཁན་སོགས་གཙང་བོའི་མགོ་ཁུངས་སུ་ལྷན་གཅིག་ཏུ་འཛོམས་ཏེ། རིམ་པ་མཐོ་ཞིང་ཟུར་ཚད་མང་བའི་སྒོ་ནས་རྡོ་བརྐོས་རིག་གནས་ཐད་ཀྱི་རིགས་གཞུང་བརྗེ་རེས་བྱས།
གྲ་སྒྲིག་བྱེད་སྐབས། ཡུའུ་ཧྲུའུ་གྲོང་ཁྱེར་ལོ་རྒྱུས་རིག་གནས་ཞིབ་འཇུག་ཁང་གིས་ཡུའུ་ཧྲུའུ་ཡི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་། རྡོ་བརྐོས་སྲུང་སྐྱོབ་ཀྱི་དངོས་ཡོད་དཀའ་ཁག རྡོ་བརྐོས་རིག་གནས་ཀྱི་རིག་གནས་ཡུལ་སྐོར་མཉམ་བསྲེས་སོགས་གླེང་གཞི་གཙོ་བོ་གཅིག་སྡུས་སྒོས། ས་གནས་ཀྱི་རྡོ་བརྐོས་རི་མོ་དང་། ཆོས་གཞུང་རྡོ་བརྐོས། གནའ་བོའི་རྡོ་བརྐོས་སོགས་ལོ་རྒྱུས་རྒྱུ་ཆ་དང་པོར་མ་ལག་ལྡན་པའི་གསེད་འགྲེལ་དང་། ཆེད་མཁས་པའི་བརྗོད་དོན་སྙན་ཞུ་དང་། ཡུལ་དངོས་རྟོག་ཞིབ། བཞུགས་མོལ་བརྗེ་རེས་སོགས་ཀྱི་ཐད་རྒྱུ་ཆའི་རྨང་གཞི་བརྟན་པོར་བཏིངས། བགྲོ་གླེང་ཚོགས་ཐོག་ཏུ། རྒྱལ་ནང་གི་ཆེད་མཁས་པ་མང་པོས་བརྗོད་དོན་སྙན་ཞུ་ཕུལ་བ་དང་། ཡུའུ་ཧྲུའུ་རྡོ་བརྐོས་ཤུལ་ནོར་གྱི་རེ་ཞུའི་ཐབས་ལམ་དང་། ད་ཡོད་ཀྱི་རེ་ཞུ་ལེགས་འགྲུབ་བྱུང་བའི་དཔེ་གཞིའི་དཔྱད་འཇོག རྡོ་བརྐོས་གཞི་གྲངས་ཅན་གྱི་སྲུང་སྐྱོབ་ལག་རྩལ། རྡོ་བརྐོས་ཤུལ་ནོར་གྱིས་གྲོང་གསེབ་རིག་གནས་ཡུལ་སྐོར་ལ་བྱེད་ནུས་འདོན་པ་སོགས་ཀྱི་མདུན་ལྟའི་ཁྱབ་ཁོངས་ལ་དམིགས་པའི་ཞིབ་འཇུག་གྲུབ་འབྲས་གསར་པ་མཉམ་སྤྱོད་བྱས། རང་མོས་བཞུགས་མོལ་གྱི་གོ་རིམ་ཁྲོད་དུ། ཆེད་མཁས་པ་དང་ས་གནས་ཀྱི་ཞིབ་འཇུག་མི་སྣས་རྡོ་བརྐོས་ཀྱི་ཤུལ་ནོར་རེ་ཞུ་དང་། རིག་དངོས་སྲུང་སྐྱོབ་ཀྱི་དཀའ་གནད། ལོ་རྒྱུས་རྒྱུ་ཆ་སྔོག་འདོན། རྣམ་གྲངས་འཆར་འགོད། དྲིལ་སྒྲོག་ཁྱབ་སྤེལ་སོགས་གྲོས་གཞིར་ཁ་གཏད་ནས་བགྲོ་གླེང་གཏིང་ཟབ་བྱས་ཏེ་རང་སོ་སོའི་ལྟ་ཚུལ་བརྗོད་ཅིང་། ཁ་གཏད་རང་བཞིན་དང་སྤྱོད་གོ་ཆོད་པའི་གྲོས་གཞི་རྩ་ཆེན་མང་པོ་ཞིག་བཏོན།
ཚོགས་འདུའི་བར་སྐབས་སུ། ཚོགས་ཞུགས་ཆེད་མཁས་པས་ད་དུང་ཞིབ་འཇུག་ཁང་རྡོ་བརྐོས་ཞིབ་འཇུག་རྣམ་གྲངས་ཀྱི་བཀོད་པ་དང་། ཞིང་ཁའི་ཞིབ་བཤེར་བཀོད་སྒྲིག གྲུབ་འབྲས་ཚུལ་སྒྱུར། ཕྱི་ཕྱོགས་རིགས་གཞུང་མཉམ་ལས་སོགས་ཀྱི་བྱ་བའི་ཐད་ཆེད་ལས་མཛུབ་སྟོན་བྱས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལས་ཞིང་ཆེན་ཕྱི་ནང་གི་རྡོ་བརྐོས་ཞིབ་འཇུག་གི་སྟོབས་ཤུགས་ཐད་མཐུན་སྦྱོར་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་དང་། ས་གནས་ཀྱི་ཚན་རིག་ཞིབ་འཇུག་མི་སྣར་རིགས་གཞུང་གི་མཐོང་རྒྱ་བསྐྱེད་ཅིང་། ཞིབ་འཇུག་ཁང་ཕྱི་ནང་ཀུན་གྱི་རིགས་གཞུང་ཐོན་ཁུངས་ཀྱི་སྦྲེལ་མཐུད་ཟབ་མོ་མངོན་འགྱུར་བྱེད་པ་བཅས་ཀྱིས་ཡུའུ་ཧྲུའུ་ཁུལ་གྱི་རྡོ་བརྐོས་རིག་གནས་ཤུལ་ནོར་སྲུང་སྐྱོབ་དང་། ཞིབ་འཇུག དར་སྤེལ་བེད་སྤྱོད་གཏོང་བར་རིག་ནུས་ཀྱི་འདེགས་སྐྱོར་གསོག་འཇོག་བྱས།