མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་དང་ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིང་། ཞིང་ཆེན་འཕྲིན་བཅར་ཅུས། ཞིང་ཆེན་གཞི་གྲངས་ཅུས་བཅས་དང་མཉམ་དུ། 《མཚོ་སྔོན་ཞིང་ཆེན་གྱིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་ཞུ་གཏུག་ཐེར་འདོན་དབང་ཆ་གང་བྱུང་དུ་སྤྱད་དེ་བསམ་ངན་བཅངས་ནས་གྱོང་གསབ་ལེན་པའི་བྱེད་སྤྱོད་ཐག་གཅོད་བྱེད་པའི་མཛུབ་སྟོན་བསམ་འཆར》དངོས་སུ་པར་འགྲེམས་བྱས་པ་དང་། 2026ལོའི་ཟླ9བའི་ཚེས10ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
བསམ་འཆར་དེའི་ནང་བསམ་ངན་བཅངས་ནས་གྱོང་གསབ་ལེན་པའི་ངོས་འཛིན་གྱི་དཔེ་མཚོན་གནས་ཚུལ་རིགས13ཁ་གསལ་བཟོས་པའི་ནང་། འཚོ་བའི་འཛད་སྤྱོད་དམིགས་ཡུལ་དུ་མི་འཛིན་པའི་ཁེ་བཟང་འབོར་ཆེན་ལེན་པའི་གྱོང་གསབ་ལེན་པ་དང་། ཚོང་ཟོག་གི་སྤུས་ཚད་ལ་ཤུགས་རྐྱེན་མི་ཐེབས་པའི་ཤོག་བྱང་གི་སྐྱོན་ཆ་ཁོ་ནར་བརྟེན་ནས་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་ལེན་པ། དཔང་རྟགས་རྫུན་བཟོ་བྱས་ནས་གཉེར་སྐྱོང་པར་ལུགས་མཐུན་མིན་པའི་གྲོན་དངུལ་འཇལ་དུ་འཇུག་པ། དཔེ་པང་ཅན་དུ་འགྱུར་བའི་ཞུ་གཏུག་འབོར་ཆེན་བྱས་ནས་ཁེ་བཟང་ལེན་པ་སོགས་ཀྱི་བྱེད་སྤྱོད་ཚུད་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ལྟ་སྐུལ་དོ་དམ་གྱི་ཁྲུན་གཅོད་ཚད་གཞི་གཅིག་གྱུར་བྱས་ཡོད།
ཡིག་ཆའི་ནང་བརྒྱུད་རིམ་ཧྲིལ་པོའི་ཐག་གཅོད་སྒྲིག་སྲོལ་ཚད་ལྡན་དུ་བཏང་ཡོད་དེ། རྒྱུན་གཏན་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་ཐབས་ལམ་ཤར་གཏོང་ཐུབ་པ་རྒྱུན་འཁྱོངས་བྱེད་པའི་དུས་མཚུངས་སུ། “ཆད་གཅོད་ལ་བརྟེན་ནས་ལེགས་སྒྲིག་གི་ཚབ་བྱེད་པ”དང་།“སྐྱིན་ཚབ་ལ་བརྟེན་ནས་ཞུ་གཏུག་བྱེད་པ”གཏན་འགོག་ནན་མོ་བྱེད་པ་དང་། བསྙད་འདོགས་དང་མགོ་གཡོགས་མགོ་སྐོར་གྱི་དོགས་གཞི་ཡོད་པའི་བསམ་ངན་བཅངས་ནས་གྱོང་གསབ་ལེན་པའི་བྱ་སྤྱོད་ཅི་རིགས་སྤྱི་བདེ་ལས་ཁུངས་སུ་སྤྲད་དེ་རྩད་གཅོད་བྱེད་དུ་འཇུག་རྒྱུ་རེད། བྱ་སྤྱོད་རིགས་བཞི་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གྱི་གྱོད་གཞི་དང་ལེན་གྱི་ཁྱབ་ཁོངས་སུ་མི་གཏོགས་པ་ཁ་གསལ་བཟོས་ནས། སྲིད་འཛིན་གྱི་དབང་ཆ་དང་འགན་འཁྲིའི་དབྱེ་མཚམས་གསལ་བོར་བཟོས་པ་དང་ཆབས་ཅིག བསམ་ངན་བཅངས་ནས་གྱོང་གསབ་ལེན་པའི་གཉེར་སྐྱོང་བྱེད་པོས་དམངས་དོན་གཏུག་བཤེར་སོགས་ཀྱི་ཐབས་ལམ་བརྒྱུད་དེ། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།
གཏན་འབེབས་གསར་པའི་ནང་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་ཐབས་མང་པོ་དུས་གཅིག་ཏུ་བཏོན་ཡོད་དེ། ཞིང་ཆེན་ཡོངས་ཀྱི་སྡེ་ཁག་ལས་བརྒལ་བའི་བསམ་ངན་བཅངས་ནས་གྱོང་གསབ་ལེན་པའི་རྒྱུན་གཏན་མིན་པའི་མིང་ཐོ་བཟོས་ནས། དོ་བདག་མི་སྒེར་གྱི་ཆ་འཕྲིན་དང་བསྐྱར་ཞིབ་དབང་ཆར་སྲུང་སྐྱོང་ནན་མོ་བྱ་རྒྱུ་དང་། ཞུ་གཏུག་ཐེར་འདོན་གྱི་དཔྱད་ཞིབ་ལམ་སྲོལ་ཇེ་ལེགས་སུ་བཏང་ནས། འདོད་བློ་ཚིམ་ཚད་སོགས་ཀྱི་དམིགས་ཚད་ལ་བརྟེན་ནས་གཞི་རིམ་ལ་འོས་མེད་འགྲིག་ཐབས་དང་ཞུ་གཏུག་མཚམས་འཇོག་དུ་འཇུག་པའི་ལས་སྟངས་ཕྱོགས་རེ་བ་ཇེ་ལེགས་སུ་གཏོང་རྒྱུ་རེད། ངོས་འཛིན་བྱས་པ་བརྒྱུད། བསམ་ངན་བཅངས་ནས་གྱོང་གསབ་ལེན་པའི་རེ་ཞུ་དེ12345ཐད་སྦྲེལ་ཁ་པར་གྱི་དཔྱད་ཞིབ་ནང་མ་བཅུག་པར། སྲིད་དོན་ཐོན་ཁུངས་དེ་རྒྱུན་གཏན་གྱི་དམངས་འཚོའི་རེ་ཞུར་དམིགས་སུ་འཇུག་རྒྱུ་རེད།
རྗེས་མཐུད་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཆུང་གྲས་ལ་ཕྱོགས་པའི་ལུགས་མཐུན་གསོ་སྦྱོང་དང་དཔེ་མཚོན་གྱོད་དཔེ་ཁྱབ་སྒྲོག་བྱས་ཏེ། གཉེར་སྐྱོང་བྱེད་པོའི་ཁུར་པོ་མུ་མཐུད་ཇེ་ཡང་དུ་བཏང་ནས། སྔར་ལས་དྲང་གཞག་དང་གོ་རིམ་ལྡན་པའི་ཁྲོམ་རའི་གཉེར་སྐྱོང་ཁོར་ཡུག་བསྐྲུན་རྒྱུ་རེད།