ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ།  ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་སྒྲུབ་སྐུལ་ཚན་ཆུང་བཙུགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྐབས་འཐུས་མི་ལི་ཝན་ཧྥེང་གིས་བཏོན་པའི《ཞིང་ཆེན་རིམ་པའི་སྨན་ཁང་གིས་འཕྲལ་བཅོས་མྱུར་སྐྱོབ་ལྟེ་གནས་ཆེན་པོ་ལྔའི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་རོགས་སྐྱོར་བྱེད་པའི་སྐོར་གྱི་གྲོས་གཞི》སྒྲུབ་རྒྱུར་ལྟ་སྐུལ་བྱས།

སྒྲུབ་སྐུལ་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་དམངས་སྨན་ཁང་དང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མི་དམངས་སྨན་ཁང་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་།    བྲང་ཁ་ན་བ་དང་གཟའ་གྲིབ་ཕོག་པ། རྨས་སྐྱོན་ཕོག་པ། ཉེན་ཁ་ཆེ་བའི་སྦྲུམ་མ་སྐྱོབ་བཅོས། ཉེན་ཁ་ཆེ་བའི་བྱིས་པ་དང་གསར་དུ་བཙས་མ་ཐག་པའི་བྱིས་པ་སྐྱོབ་བཅོས་བཅས་ལྟེ་གནས་ཆེན་པོ་ལྔའི་འཛུགས་སྐྲུན་དང་དེ་བཞིན་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་ཤིང་། ལས་ཡུལ་དང་པོའི་སྨན་བཅོས་མི་སྣ་དང་མཉམ་དུ་བསམ་བློ་བརྗེ་རེས་ཟབ་མོ་བྱས་ཏེ་རྫོང་རིམ་པའི་སྨན་ཁང་གི་འཇོན་མི་ནང་འདྲེན་དང་མྱུར་སྐྱོར་ལག་རྩལ། མྱུར་སྐྱོབ་སྒྲིག་ཆས་བཀོད་སྒྲིག་སོགས་གནས་ཚུལ་གཙོར་བཟུང་ནས་རྒྱུས་ལོན་བྱས་པར་མ་ཟད།   ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་སྐོར་གྱི་ངོ་སྤྲོད་ལ་ཉན།

སྒྲུབ་སྐུལ་ཚན་ཆུང་གིས་ནན་གྱིས་བསྟན་དོན།  འཐུས་མིའི་གྲོས་གཞིའི་ནང་དོན་ལེགས་པ་དང་སྒྲུབ་པའི་སྤུས་ཚད་མཐོ་བའི་བྱ་བའི་ཚད་གཞིར་དནེ་བསྡུར་བྱས་ནས་གྲོས་གཞི་སྒྲུབ་པའི་བརྒྱུད་རིམ་དང་གྲུབ་འབྲས་དངོས་ལ་ལྟ་རྟོག་བྱེད་དགོས་པ་དང་།   རྫོང་དང་ཞང་། གྲོང་རྡལ་བཅས་ཀྱི་མྱུར་སྐྱོབ་མ་ལག་གི་མི་འདང་ས་ཁ་གསབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་མྱུར་བའི་རང་བཞིན་དང་ནད་ལྕི་མོའི་སྐྱོབ་བཅོས་དགོས་མཁོ་སྐོང་དགོས།  ཞིང་ཆེན་དང་། གྲོང་ཁྱེར་དང་ཁུལ། རྫོང་།    ཞང་དང་གྲོང་རྡལ་བཅས་རིམ་པ་བཞིའི་ལྟེ་གནས་ཆེན་པོ་ལྔའི་གཞི་གཅིག་ཅན་གྱི་སྐྱོབ་བཅོས་དྲ་རྒྱའི་བཀོད་སྒྲིག་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། མྱུར་བའི་རང་བཞིན་དང་ནད་ལྕི་མོའི་སྐྱོབ་བཅོས་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། ཕྱོགས་བསྡུས་སྐྱོབ་བཅོས་ཞབས་ཞུ་དོན་འཁྱོལ་བཅས་བྱས་ཏེ་ཁུལ་ཁོངས་ཡོངས་ཀྱི་མྱུར་སྐྱོབ་ཐག་གཅོད་ནུས་པ་ཇེ་ཆེར་གཏོང་དགོས། རོགས་སྐྱོར་རྐྱེན་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་ཞིང་ཆེན་རིམ་པའི་རྒྱང་བསྟེན་སྨན་བཅོས་བརྟག་བཅོས་སྟེགས་བུ་བེད་སྤྱོད་ལེགས་པོ་བྱས་ནས་རྫོང་རིམ་པའི་སྨན་ཁང་གིས་རིགས་སྣ་ཚོགས་ཀྱི་མྱུར་བའི་རང་བཞིན་དང་ནད་ལྕི་མོ་ཐག་གཅོད་པའི་ཆེད་ལས་ནུས་པ་ཇེ་ཆེར་གཏོང་དགོས། མ་ལག་ཅན་དང་དངོས་སྤྱོད་ཅན་གྱི་ཆེད་དོན་གསོ་སྦྱོང་སྤེལ་ནས་དགེ་རྒན་གྱིས་སློབ་མ་སྐྱོང་བ་དང་རུ་ཁག་གིས་རུ་ཁག་ཁྲིད་པའི་ཚོགས་སྒྲིག་རྣམ་པར་སྐུལ་འདེད་གཏོང་བ།  གཞི་རིམ་གྱི་སྨན་པ་དང་ནད་གཡོག་པའི་མྱུར་སྐྱོབ་ལས་སྒོའི་མི་འདང་ས་ནུས་ལྡན་ངང་ཁ་གསབ་བྱས་ཏེ་རང་ས་གནས་ཀྱི་མྱུར་སྐྱོབ་ཆེད་ལས་དཔུང་སྡེ་གསོ་སྐྱོང་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།