ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས15ཉིན། རྒྱལ་ཁབ་འགོག་སྡོམ་སྤྱི་ཁྱབ་གཞུང་དོན་ཁང་དང་འཕྲལ་བསྟུན་དོ་དམ་པུས་ཀྲུང་གོ་གནམ་གཤིས་ཅུས་དང་། ཆུ་བེད་པུའུ། རང་བྱུང་ཐོན་ཁུངས་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་དང་དེ་བཞིན་ཧེ་ལུང་ཅང་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཧོ་ནན། ཀོང་ཏུང་སོགས་གཙོ་གནད་ཞིང་ཆེན་བཅས་དང་མཉམ་འབྲེལ་ཐོག་གྲོས་མོལ་བྱས་ནས། ཉེ་དུས་དྲག་ཆར་བབས་པའི་ཤུགས་རྐྱེན་ལ་ཞིབ་འཇུག་དང་བརྡར་གཅོད་བྱས་པ་དང་། གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་ཉེན་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། རྒྱལ་ཁབ་གེགས་སེལ་སྔོན་འགོག་ཨུ་ལྷན་གྱིས་ཀྲེ་ཅང་དང་། ཧོ་ནན། ཧྲའན་ཞི། ཧེ་ལུང་ཅང་བཅས་ལ་དམིགས་པའི་རྒྱལ་ཁབ་ཀྱི་རིམ་པ་བཞིའི་གེགས་སེལ་འཕྲལ་བསྟུན་དང་ལེན་བྱས། འཕྲལ་བསྟུན་དོ་དམ་པུས་ཀྲེ་ཅང་དང་ཨན་ཧུའེ། ཧོ་ནན། ཧུའུ་པེ་བཅས་ཀྱི་ས་གཤིས་གནོད་འཚེར་དམིགས་པའི་རིམ་པ་བཞི་པའི་འཕྲལ་བསྟུན་དང་ལེན་རྒྱུན་འཁྱོངས་བྱས།
གྲོས་མོལ་ཚོགས་འདུས་བསྟན་དོན། ཐའེ་ཧུའུ་མཚེའུ་འབབ་རྒྱུད་དུ་འབབ་རྒྱུད་རང་བཞིན་གྱི་ཆུ་ལོག་ཅུང་ཆེན་པོ་ཐོན་པ་དང་། ཐའེ་ཧུའུ་མཚེའུ་ཡི་ཆུ་གནས་འཕར་བ་ཅུང་མགྱོགས་ལ། མཐའ་འཁོར་གྱི་ཆུ་དྲའི་ས་ཚིགས་མང་པོའི་ཆུ་གནས་ཉེན་ཟོན་དང་འགན་ལེན་ལས་བརྒལ་ཡོད། ཧོའེ་ཧོ་གཙང་པོའི་འབབ་རྒྱུད་ཀྱི་ཧྲ་དབྱིང་གཙང་པོ་དང་འབྲི་ཆུའི་ཁྲུའུ་ཧོ་གཙང་པོ་སོགས་ཆུ་བོའི་དུམ་མཚམས་ཁག་གཅིག་ཏུ་ཆུ་གནས་མཐོ་བའི་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་པས། ཆུ་རགས་འགོག་སྲུང་གི་གནོན་ཤུགས་ཆེན་པོ་ཡོད། ཀྲེ་ཅང་དང་། ཧྥུའུ་ཅན། ཀོང་ཏུང་སོགས་ས་ཁུལ་དུ་སྔར་བཞིན་དྲག་ཆར་ཆེན་པོ་བབས་པ་དང་། ས་གནས་ཁ་ཤས་སུ་ཆུ་ལོག་དང་ས་གཤིས་གནོད་འཚེ་ཐོན་པའི་ཉེན་ཁ་ཅུང་ཆེ་ལ། འབྲུབ་འགོག་གེགས་སེལ་གྱི་དུས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བ་རེད།
གྲོས་མོལ་ཚོགས་འདུས་ནན་གྱིས་བསྟན་དོན། མཚན་མོ་དང་རི་ཁུལ་གྱི་ཆར་ཆུ་འབབ་ཚུལ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ཆར་ཆུ་དང་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། གཙོ་གནད་ས་ཁུལ་གྱི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་བཀོད་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ཆུ་ལོག་དང་ས་གཤིས་གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཅས་བྱེད་དགོས། ཉེན་ཟོན་ལས་བརྒལ་བའི་ཆུ་རགས་དང་ཆུ་འབྲུབ་ཚད་ལས་བརྒལ་བའི་ཆུ་མཛོད་ཀྱི་སྐོར་ཞིབ་འགོག་སྲུང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཆུ་འབྲུབ་སྔོན་འགོག་གི་འགན་འཁྲི་དང་བྱེད་ཐབས་གཟབ་ནན་དུ་གཏོང་དགོས་པ་དང་། ལྷག་པར་དུ་ཉེན་ཁ་ཆེ་བའི་བཟོ་ལས་དང་ཉེན་ཁ་ཆེ་བའི་དུམ་མཚམས། ལོ་རྒྱུས་ཀྱི་ཉེན་ཁ་ཐོན་གནས། ཆུ་རགས་དང་ཟམ་པ་བསྣོལ་སའི་ས་གནས་སོགས་ལ་སྐོར་ཞིབ་ཐེངས་མང་དུ་གཏོང་བ་དང་། དུས་ཐོག་ཏུ་ཉེན་ཁའི་གནས་ཚུལ་མྱུར་སྐྱོབ་སྒྲིག་འཛུགས་བྱས་ཏེ། ཆུ་རགས་གལ་ཆེན་གྱི་རགས་ཁ་ཤོར་བ་དང་བརྡིབ་པ་གཏན་འགོག་བྱེད་དགོས། ཆ་འཕྲིན་མཉམ་སྤྱོད་དང་ཐོལ་བྱུང་ཉེན་ཁའི་གནས་ཚུལ་སྙན་སེང་ཞུ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཞིང་ཆེན་དབར་དང་གཙང་བོའི་སྟོད་སྨད་དུ་དུས་ཐོག་ཏུ་ཆར་ཆུའི་གནས་ཚུལ་དང་དེ་བཞིན་སྔོན་དཔག་སྔོན་བརྡའི་བསམ་འཆར། གྲོས་མོལ་ཞིབ་འཇུག་བརྡར་གཅོད་འབྲས་བུ་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བྱེད་དགོས་པ་དང་། ཆུ་མཛོད་དང་ཆུ་རགས་སུ་ཉེན་ཁའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་འབྲུབ་འགོག་བཀོད་འདོམས་སྒྲིག་གཞིར་སྙན་སེང་ཞུ་དགོས་ཤིང་། ཆ་འཕྲིན་ཤར་གཏོང་དང་དུས་ཐོག་ཏུ་དང་ལེན་བྱེད་པ། ཕན་ནུས་ཆེ་བའི་སྒོ་ནས་ཐག་གཅོད་བྱེད་པར་ཁག་ཐེག་བྱེད་དགོས། །