ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། ཁྲུང་ཆིང་གིས་ཐོན་ལས་མུ་ཕྲེང་གསར་གཏོད་རིམ་སྤོར་གྱི་འགག་གནད་དང་དཀའ་གནད་ལ་དམིགས་ཏེ། ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་གཞན་སྒྱུར་གྱི་མུ་ཕྲེང་ཧྲིལ་པོའི་སྐྱེ་ཁམས་བསྐྲུན་ནས། “ཐོན་ལས་ཀྱིས་དྲི་བ་འདོན་པ་དང་ཚན་རྩལ་གྱིས་དྲིས་ལན་འདེབས་པ”དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རྒྱལ་ཡོངས་སུ་ཤུགས་རྐྱེན་ཐེབས་པའི་ཚན་རྩལ་གསར་གཏོད་ལྟེ་གནས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས།
རླངས་འཁོར་ནི་ཁྲུང་ཆིང་གི་ཐོན་ལས་གཙོ་བོ་ཡིན་པ་དང་། རླངས་འཁོར་གྱི་ལོ་རེའི་ཐོན་ཚད་ས་ཡ་གཉིས་དང་འབུམ་བདུན་ཁྲི་བརྒྱད་སྟོང་བརྒྱད་ལ་སླེབས་པ་དང་། ལྷུ་ལག་སྣ་ཚོགས་ས་གནས་ཀྱིས་སྒྲིག་སྦྱོར་བྱེད་ཚད45%ལས་བརྒལ། ད་ལོ་ནས་བཟུང་། རླངས་འཁོར་ཁེ་ལས་མི་ཉུང་བ་ཞིག་གིས་རྒྱུ་ཆའི་ཐད་ནས་འགོ་བརྩམས་ཏེ། ལྷུ་ལག་སྣ་ཚོགས་ཀྱི་འགྲན་རྩོད་ནུས་པ་སྔར་ལས་ཇེ་མཐོར་བཏང་རུང་། རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་མི་ལྡན་པས། ཐོན་ལས་མུ་ཕྲེང་རིམ་སྤོར་བཀག་རྒྱ་དང་འཕྲད།
ཁྲང་ཨན་རླངས་འཁོར་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ཁང་གི་སྤྱི་གཉེར་པ་ཁྲེན་ཧའོ་མིང་གིས་བཤད་རྒྱུར།སྲོལ་རྒྱུན་གྱི་རླངས་འཁོར་ལྷུ་ལག་སྣ་ཚོགས་ཀྱི་ལྗིད་ཚད་ཅུང་ཆེ་བ་དང་། གནད་དོན་ནི་རླངས་འཁོར་ཧྲིལ་པོའི་ནུས་ཁུངས་ཟད་གྲོན་ཅུང་མཐོ་བ་རེད། གལ་ཏེ་རླངས་འཁོར་ཁེ་ལས་ཀྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་དང་ཚོད་ལྟ་བྱས་ཚེ། དེ་ལ་ཚད་མཐོ་བའི་མ་རྩ་དང་དུས་ཚོད་དགོས།
ཕྱོགས་གཅིག་ནི་ལྷུ་ལག་སྣ་ཚོགས་རིམ་སྤོར་གྱི་དགོས་མཁོ་དངོས་ཡིན་ལ། ཅིག་ཤོས་ནི་རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་མ་རྩའི་གནོན་ཤུགས་ཡིན། རླངས་འཁོར་ཁེ་ལས་དཀའ་ཁག་གཉིས་ལ་འཕྲད་པའི་རྒྱུ་རྐྱེན་ནི། དོན་གྱིས་འོས་འཚམ་གྱི་ལག་རྩལ་ལས་རོགས་རྙེད་མ་ཐུབ་པས་ཡིན། ཇི་ལྟར་བྱས་ཏེ་ཚན་རྩལ་མཁོ་སྤྲོད་དེ་ཐོན་ལས་ཀྱི་དགོས་མཁོ་དང་འཚམ་པར་བྱེད་དགོས། ཁྲུང་ཆིན་གྱིས་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྲིད་གཞུང་གིས“ཁེ་ལས་ཀྱི་དགོས་མཁོའི་གསལ་ཐོ”དང“ལག་རྩལ་མཁོ་སྤྲོད་ཀྱི་གསལ་ཐོ”དངོས་སུ་རྟོགས་པར་བྱས་ནས་མཁོ་སྤྲོད་ཕྱོགས་གཉིས་གནད་འཁེལ་སྦྲེལ་མཐུད་བྱེད་དགོས།
ཁྲུང་ཆིང་གྲོང་ཁྱེར་གཙང་གཉིས་ཁུལ་གསར་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐན་ལེ་ཁའེ་ཡིས་བཤད་རྒྱུར། ལག་རྩལ་སྤྱི་གཉེར་པ་བརྒྱུད་ནས་ཐོན་སློབ་ཞིབ་གསུམ་གྱི་འབྲེལ་ཟམ་བཙུགས་པ་དང་། སླར་ཡང“ཞིབ་འཇུག་གླིང་དང་ཁེ་ལས་གཉིས་སྐྱོད”བྱེད་སྒོ་བརྒྱུད་ནས་ལྗོངས་རྣམ་ཅན་གྱི་འབྲེལ་མཐུད་དོན་འཁྱོལ་བྱས་པ་ཡིན།
ཞིབ་འཇུག་རྒྱུ་ཆ་ཚད་ཡང་ཅན་དུ་བསྒྱུར་བའི་ཚན་རིག་ཞིབ་འཇུག་ལས་ཁུངས་ཤིག་གིས་རླངས་འཁོར་ཁེ་ལས་ཀྱི་ལྷུ་ལག་དེ་རྒྱུ་ཆའི་དཀའ་ངལ་དང་འཕྲད་ཡོད་པ་ཤེས་རྗེས། སྲིད་གཞུང་སྡེ་ཁག་གི་སྣེ་ཁྲིད་སྦྲེལ་མཐུད་ལ་བརྟེན་ནས་མགྱོགས་མྱུར་ངང་ཇུས་གཞི་ལེགས་པོ་བཏོན་ཏེ་ཁེ་ལས་ལ་སྤུས་གོང་བསྡུར་ཚད་སྔར་ལས་མཐོ་བ་དང་ནུས་པ་སྔར་ལས་ལེགས་པའི་རྒྱུ་ཆ་མཁོ་འདོན་བྱས་ཡོད། ལག་རྩལ་འདི་ས་གནས་དེའི་རླངས་འཁོར་ཁེ་ལས་མི་ཉུང་བ་ཞིག་གིས་དོན་འཁྱོལ་བྱས་ཏེ། ཁེ་ལས་ལ་ལྷུ་ལག་ཆེ་ཆུང་བརྒྱ་ཆའི་ཉི་ཤུ་ཙམ་གྱི་ཉོ་སྒྲུབ་མ་རྩ་གྲོན་ཆུང་བྱས་ནས། ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་སྔར་ལས་ཇེ་མཐོར་བཏང་།
སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་། ཞིབ་འཇུག་གླིང་གིས་ལག་རྩལ་བཏོན་ལ། ཁེ་ལས་ཀྱིས་རྣམ་པ་ཐོན་པ་དང་། ཁྲོམ་རས་ཞིབ་བཤེར་བྱས། མིག་སྔའི་བར་དུ། ཁྲུང་ཆིང་གིས“སྔོན་དཔག་ལག་རྩལ་དང་མ་འོངས་ཐོན་ལས”ཁྲིད་ཕྱོགས་སུ་བཟུང་སྟེ། ཆུ་ཚད་མཐོ་བའི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ39ནང་འདྲེན་འཛུགས་སྐྲུན་བྱས། “ཐོན་ལས་ཀྱི་ཀླད་ཆེན་དང་མ་འོངས་བཟོ་གྲྭ”མཉམ་འདྲེས་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་པ་བཙུགས་ཏེ། རྒྱལ་ཁབ་ཀྱི་ཕུལ་བྱུང་རིག་ནུས་བཟོ་གྲྭ22དང་མ་འོངས་བཟོ་གྲྭ10བསྐྲུན་ནས། ཚན་རྩལ་གྱི“རོགས་འདེགས་སྒྲིག་ཆས”དེ་ཐོན་ལས་ཀྱི“སྒུལ་བྱེད་འཕྲུལ་ཆས”སུ་བསྒྱུར། 2030ལོར་སླེབས་སྐབས། ཁྲུང་ཆིང་གིས་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྤྱི་སྟེགས་རྟེན་གཞི50འཛུགས་སྐྲུན་བྱས་ནས། ཐོག་མའི་གསར་གཏོད་རང་བཞིན་དང་མཚོན་རྟགས་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཁག་ཅིག་ཐོན་པར་བརྩོན་ལེན་བྱས་ཏེ། གཙོ་ཁྲིད་ཐོན་ལས་སྲ་བརྟན་དང་། གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་པ། མ་འོངས་ཐོན་ལས་ཀྱི་རྣམ་པ་གྲུབ་པ་བཅས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་དགོས།
ཁྲུང་ཆིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུས་ཀྱི་ཅུས་ཀྲང་ཧྥང་ལའེ་ཡིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”དམིགས་ཏེ། ཁྲུང་ཆིང་གིས་འཐབ་ཇུས་ཀྱིས་གསར་གཏོད་ལས་སྟེགས་ལ་སྣེ་ཁྲིད་རྒྱུ་འདེགས་སྐྱོར་དུ་འཛིན་པ་དང་ཚབ་བྱེད་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཕྱོགས་སྟོན་དུ་བཟུང་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཁྲེང་ཏུའུ་དང་ཁྲུང་ཆིང་གི་ས་ཁོངས་སུ་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་འགྱེད་འཕྲོའི་སྐུལ་ཁྲིད་ནུས་པ་གང་ཡོད་འདོན་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་གསར་གཏོད་སྤྱི་ཡོངས་ལ་གང་ནུས་ཀྱིས་ཁྲུང་ཆིང་གི་སྟོབས་ཤུགས་འབུལ་དགོས། །