ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ8པའི་ཚེས15ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལག་བསྟར་བྱས་པའི་ཉིན་དེར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སྤྱད་དེ་ཞིབ་གཅོད་བྱས་པའི་འཛེར་སྒྲའི་སྦགས་བཙོག་འགན་འཁྲིའི་རྩོད་གཞིའི་གྱོད་གཞི་ཐོག་མ་དེ་ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་ཆུས་ཅང་ཆུས་མི་དམངས་ཁྲིམས་ཁང་དུ་ཁྲིམས་ས་འཚོགས་པ་དང་བཅད་ཁྲ་ཁྱབ་བསྒྲགས་བྱས།
གྱོད་དོན་གྱི་ཞུ་སྦྱོར་སྔ་མ་བུད་མེད་ཀྲང་ནི་གྱོད་དོན་དང་འབྲེལ་བ་ཡོད་པའི་ཞུ་སྦྱོར་ཕྱི་མའི་ཐོག་སོ་དང་པོའི་ཆུ་ཐོན་ཚོང་ཁང་གི་ཉེ་འཁོར་གྱི་ཐོག་སོ་གཉིས་པའི་ཁྱིམ་དུད་ཡིན། ཐོག་བརྩེགས་དང་པོའི་ཆུ་ཐོན་ཚོང་ཁང་གིས་ཚོང་གཉེར་གྱི་དགོས་མཁོ་ཆེད་ཚོང་ཁང་ནང་ཉ་རྫིང་མང་པོ་བཙུགས་པ་མ་ཟད། ཆུ་འཐེན་འཕྲུལ་འཁོར་དང་དབྱང་སྣོན་འཕྲུལ་ཆས་མང་པོ་སྒྲིག་སྦྱོར་བྱས་ཡོད། འབྲེལ་ཡོད་སྒྲིག་ཆས་ཆུ་ཚོད24རིང་རྒྱུན་ཆད་མེད་པར་འཁོར་སྐྱོད་བྱེད་ཀྱིན་ཡོད་པས། རྒྱུན་མཐུད་ངང་འདར་འགུལ་གྱི་འཛེར་སྒྲ་ཐོན་པ་མ་ཟད། ཐོག་ཁང་གི་པང་ལེབ་བརྒྱུད་ནས་ཡར་ཐོག་ལ་བརྒྱུད་སྤྲོད་བྱེད་ཀྱིན་ཡོད་ལ། མཚན་མོར་སྔར་བས་མངོན་གསལ་ཡིན་པས། བུད་མེད་ཀྲང་ལགས་ཀྱི་གཉིད་ཉལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་རེད།
2026ལོའི་ཟླ3པར། བུད་མེད་ཀྲང་ལགས་གཉིད་མི་ཁུག་པའི་དབང་གིས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་པ་རེད། དེའི་རྗེས་སུ། བུད་མེད་ཀྲང་ལགས་ཀྱིས་ཚོང་ཁང་གཉེར་སྐྱོང་བྱེད་མཁན་དང་གྲོས་མོལ་ཐེངས་མང་བྱས་ཀྱང་། འཛེར་སྒྲའི་གནད་དོན་ཐག་གཅོད་བྱེད་མ་ཐུབ། བུད་མེད་ཀྲང་ལགས་ཀྱིས་ཆུས་ཅང་ཆུས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ། ཐོག་བརྩེགས་དང་པོའི་ཆུ་ཐོན་ཚོང་ཁང་ལ་འབྲེལ་ཡོད་སྒྲིག་ཆས་བཤིག་པ་དང་། གནོད་འཚེ་གཏོང་མཚམས་འཇོག་པ། གྱོང་གུན་སྐྱིན་ཚབ་འཇལ་དགོས་པའི་བཀའ་རྒྱ་གཏོང་རྒྱུའི་རེ་བ་བཏོན།
གྱོད་གཞིའི་རྩོད་གཞི་དེ་གཉེར་སྐྱོང་རང་བཞིན་གྱི་འགུལ་ཚད་དམའ་བའི་འདར་འགུལ་འཛེར་སྒྲའི་དབང་ཆར་བཙན་གནོད་བཏང་བའི་ངོས་འཛིན་དང་། དེ་བཞིན་ཚོང་དུད་ཀྱི་གཉེར་སྐྱོང་ཁེ་དབང་དང་གྲོང་མིའི་སྡོད་གནས་བདེ་འཇགས་ཁེ་དབང་དོ་སྙོམས་ཀྱི་གནད་དོན་ལ་དམིགས་ཡོད་པ་རེད། ཁྲིམས་སར་འདྲི་གཅོད་བྱེད་སྐབས། ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། གཉེར་སྐྱོང་བྱེད་པོས་མུ་མཐུད་དུ་འཛེར་སྒྲ་གཏོང་འབུད་བྱས་པ་མ་ཟད་མི་གཞན་ལ་གནོད་འཚེ་བཟོས་ན། ཁོར་ཡུག་སྦགས་བཙོག་གི་ཁེ་དབང་ལ་གནོད་འཚེ་བཏང་བར་ངོས་འཛིན་བྱེད་དགོས་པ་དང་། གཉེར་སྐྱོང་བྱེད་མཁན་གྱིས་རྒྱུ་འབྲས་ཀྱི་འབྲེལ་བ་དང་འགན་འཁྲི་མེད་པའི་བདེན་དཔང་འདོན་པའི་འགན་འཁུར་ཡོད་པར་ངོས་འཛིན་བྱས། དེ་དང་ཆབས་ཅིག ཁྲིམས་ཁང་གིས་ཁྲིམས་གཅོད་ལམ་སྲོལ་སྔར་བས་ཁ་གསལ་བཟོས་ནས། འཛེར་སྒྲའི་ལྟ་ཞིབ་ཚད་ལེན་གྱི་གྲངས་ཚད་དེ་རྒྱལ་ཁབ་ཀྱི་ཚད་གཞི་ལས་བརྒལ་མེད་ཀྱང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་མ་སྤྱད་པར། རྒྱུན་མཐུད་རང་བཞིན་གྱི་འཛེར་སྒྲ་དེ་སྤྱིར་བཏང་མིའི་བཟོད་སྒོམ་ཚད་ལས་བརྒལ་ནས་མང་ཚོགས་ཀྱི་སྡོད་གནས་བདེ་འཇགས་ཀྱི་ཁེ་དབང་ལ་གནོད་འཚེ་ཕོག་ཚེ། གཉེར་སྐྱོང་པས་སྔར་བཞིན་དམངས་དོན་འགན་འཁྲི་འཁུར་དགོས་པར་གསལ་བོར་བསྟན།
གྱོད་གཞི་ཞིབ་གཅོད་བྱེད་སྐབས། ཆུས་ཅང་ཆུས་མི་དམངས་ཁྲིམས་ཁང་གིས་ཡུལ་དངོས་སུ་རྩད་ཞིབ་ཐེངས་མང་བྱས་པ་དང་འབྲེལ་ཆེད་མཁས་པའི་དག་ཐེར་བསམ་འཆར་བློ་འདྲི་བྱས་པ་རེད། ཁྲིམས་ཁང་གིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཡུལ་དངོས་རྩད་ཞིབ་དང་སྨན་བཅོས་ཟིན་ཐོ་སོགས་ཀྱི་དཔང་རྟགས་དང་ཟུང་འབྲེལ་བྱས་ཏེ། དཔལ་འབྱོར་ཕན་འབྲས་ཀྱི་རྩ་དོན་དང་གནོད་འཚེ་ཆེས་ཆུང་དུ་གཏོང་བའི་རྩ་དོན་གཞིར་བཟུང་། ཁྲིམས་ཁང་དུ་ཁྲིམས་མཚམས་ཁྱབ་བསྒྲགས་བྱས་པ་སྟེ། ཞུ་སྦྱོར་ཕྱི་མས་དུས་བཀག་ལྟར་སྐད་སྒྲ་དང་འདར་འགུལ་དག་ཐེར་བྱེད་དགོས་པ་དང་། ཞུ་སྦྱོར་སྔ་མར་སྨན་བཅོས་གྲོན་དངུལ་དང་བསམ་པའི་གྱོང་གུད་ཀྱི་སེམས་གསོ་གསབ་དངུལ་སྟེར་དགོས་པར་ཐག་བཅད། །