ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས15ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ལག་བསྟར་བྱས། ཉིན་དེར། ཞིན་ཧྭ་ཁང་གི་རྒྱལ་ཁབ་མཐོ་རིམ་རིག་མཛོད་ཀྱིས《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་ཀྲུང་གོ་གསར་གཏོད་དང་འཛམ་གླིང་བྱས་རྗེས》ཞེས་པའི་རིག་མཛོད་སྙན་ཞུ་ཁྱབ་བསྒྲགས་བྱས།
སྙན་ཞུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཞིབ་འཇུག་ལྟེ་གནས་དང་། ཞིན་ཧྭ་ཁང་ཞིབ་འཇུག་གླིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་རྩོམ་སྒྲིག་བྱས་པ་ཡིན་ལ། བསྡོམས་པས་ཡིག་འབྲུ་ཁྲི1.9ཡོད་ཅིང་། སྒོ་ནས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་དུས་རབས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་མ་ལག་ལྡན་པའི་བགར་ཏེ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་ཁྲིམས་འཛུགས་གསར་གཏོད་དང་ཀྲུང་གོའི་ཁྱད་ཆོས་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་གོ་ལ་ཧྲིལ་བོའི་རིན་ཐང་དང་འཛམ་གླིང་གི་བྱས་རྗེས་ལངས་གཟུགས་ལྡན་པའི་སྒོ་ནས་འགྲེམ་སྟོན་བྱས་ཡོད།
སྙན་ཞུ་ལས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲང་དབྱང་གི་བཀོད་སྒྲིག་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ཁྲིམས་འཛུགས་ལས་འགན་ཡིན། དེ་ནི་འཛམ་གླིང་སྟེང“སྐྱེ་ཁམས་ཁོར་ཡུག”ལྟར་མིང་བཏགས་པའི་ཁྲིམས་གཞུང་ཐོག་མ་ཡིན་པས། དེ་ནི་དུས་རབས་གསར་བའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཉམ་འདྲེས་གཏིང་ཟབ། ཕན་ཚུན་སྐུལ་འདེད་དང་མཉམ་དུ་མདུན་སྐྱོད་བྱེད་པའི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཡིན་པས། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་འཛུགས་སྐྲུན“ཁྲིམས་གཞུང་ཅན”གྱི་དུས་རབས་མགོ་བརྩམས་པ་མཚོན་ཡོད།
སྙན་ཞུ་ལས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་བླ་སྲོག་ཏུ་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དང་རང་བྱུང་དང་། འཕེལ་རྒྱས་དང་སྲུང་སྐྱོང་། ཁོར་ཡུག་དང་དམངས་འཚོ། རྒྱལ་ནང་དང་རྒྱལ་སྤྱིའི་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱེད་པར་དམིགས་ཏེ། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཀྱི་རྒྱལ་ཁའི་ལག་ལེན་དང་། ལམ་ལུགས་གསར་གཏོད། བཅོས་སྐྱོང་ཉམས་མྱོང་བཅས་བཅའ་ཁྲིམས་ལམ་ལུགས་སུ་འཕར་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་དང་། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཁྲིམས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་བཏང་ཡོད།
སྙན་ཞུ་ལས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གཏན་འབེབས་དང་ལག་བསྟར་བྱས་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེ་བགྲོད་ལམ་སྟེང་ཁྲིམས་སྐྱོང་གི་རྡོ་རིང་ཞིག་ཡིན་པས། ཀྲུང་གོའི་བཅོས་སྐྱོང་སྔར་ལས་ཆུ་ཚད་མཐོ་བར་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་བློ་རིག་གིས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་དོ་ཁུར་ལ་ལན་སློག་ཏེ། འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་དང་། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་དུ་བསྐྲུན་པར་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད། །