མཚོ་སྔོན་གྱིས་ཚད་ལྡན་ཅན་གྱི་ནུས་སྤྲོད་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་མཐོ་སྒང་གི་སྐྱེ་ཁམས་ལེགས་ཆར་རྐང་བཙུགས་ནས་ཞིང་ཕྱུགས་ལས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་ཚད་གཞི་དང་དངུལ་ཁང་གི་ཚད་གཞི་བསྐྲུན་པར་གཙོ་ཁྲིད་བྱས་ཏེ། རིམ་པ་དང་རིགས་དབྱེ་ནས་ཞིང་ཕྱུགས་ལས་ཀྱི་ཚད་གཞི་མཁོ་སྤྲོད་འཐུས་ཚང་དུ་བཏང་བར་མ་ཟད། ནོར་གནག་དང་བོད་ལུག ནས། འཕང་འབྲས་སོགས་ཁྱད་ལྡན་ཐོན་ལས་ཀྱི་ཆེད་དོན་ཚད་གཞིའི་མ་ལག་ཁག12བཟོ་འགོད་དང་དངོས་སུ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་གཙོ་ཁྲིད་ཁྱད་ལྡན་ཐོན་ལས་ཀྱི་ཚད་གཞིའི་མ་ལག་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་འགྲན་རྩོད་ཀྱི་ལེགས་ཆར་བསྒྱུར་ནས། ཚད་ལྡན་ཅན་གྱི་ནུས་སྤྲོད་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱས།

ནོར་གནག་དང་ཆུ་གྲང་ཉ། སྔོ་ཚོད་གྲང་མོ་བཅས་ལ་དམིགས་ནས་གསོ་སྤེལ་དང་འདེབས་གསོ། ལས་སྣོན་བཅས་ནས་གྲང་འབྲེལ་བར་གྱི་ས་གནས་ཀྱི་ཚད་གཞི་ཆ་ཚང་བཏོན་ཡོད། དེའི་ནང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་གྲང་ཉའི་ཁེ་ལས་ལ་ཤང་ཀང་གིSTCརྒྱལ་སྤྱིའི་ཁས་ལེན་ཐོབ་པ་དང་། ཐོན་རྫས་ཨེ་ཤེ་ཡ་ཤར་ལྷོའི་ཕྱོགས་སུ་ཕྱིར་ཚོང་བྱེད་ཀྱིན་ཡོད་པ་དང་། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་ཞིང་ཆེན་ཡོངས་ཀྱི་སྔོ་ཚོད་གྲང་མོ་འདེབས་འཛུགས་ཚོགས་པའི་ཚད་གཞི་དང་པོ་བཟོས་ནས། དུས་འཁོར་ཧྲིལ་པོའི་ཐོན་སྐྱེད་བརྒྱུད་རིམ་ཚད་ལྡན་དུ་བཏང་།

ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ལེགས་ཆར་བརྟེན་ནས། མཚོ་སྔོན་གྱིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ལ་ཆེད་དོན་ཞིབ་འཇུག་རྒྱུན་མཐུད་ངང་བྱས་ཏེ། ནང་སའི་རིགས་མཐུན་ཐོན་རྫས་དང་མི་འདྲ་བའི་ཁྱད་པར་ཅན་གྱི་སྤུས་ཚད་དམིགས་ཚད་གནད་ལ་འཁེལ་བའི་སྒོ་ནས་གསེད་བཀྲོལ་བྱས་ཏེ། འདྲ་བཟོ་བྱེད་ཐབས་བྲལ་བའི་ཁྲོམ་རའི་ལྟེ་བའི་འགྲན་རྩོད་ནུས་པ་བསྐྲུན། ནོར་གནག་གི་ཤའི་སྤྲི་དཀར་སྔར་ལས་མཐོ་བ་དང་ཞག་ཚིལ་སྔར་ལས་དམའ་བ། འཕང་འབྲས་ཀྱི་བྱེད་ལས་རང་བཞིན་གྱི་འཚོ་བཅུད་གྲུབ་ཆ་རྒྱལ་ནང་གི་ཆ་སྙོམས་གྲངས་ཐང་ལས་ལེགས་པ་ཡོད། ཞིང་ཆེན་ཡོངས་ཀྱིས་གྲགས་ཅན་དང་ཁྱད་ལས། སྤུས་ལེགས་བཅས་ཀྱི་ཞིང་ལས་ཐོན་རྫས་གསར་པ98གསོ་སྐྱོང་བྱས་ནས། རིགས་སོ་སོའི་གཉེར་སྐྱོང་གཙོ་གཟུགས་ཀྱིས་ས་མཐོའི་ཆེད་གཏོགས་སྤུས་ཚད་དམིགས་ཚད་དེ་ཐོན་སྐྱེད་ཚད་ལྡན་དང་ཐོན་རྫས་མཚོན་རྟགས། ཁྲོམ་རའི་དྲིལ་སྒྲོག་བཅས་ཀྱི་ནང་མཉམ་འདྲེས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། སྤུས་ལེགས་དང་རིན་གོང་བཟང་བར་གཞི་གྲངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་ཐབས་ལག་བསྟར་བྱས།

དུས་མཚུངས་སུ་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ཚད་གཞི་དང་དངུལ་ཁང་གི་ཚད་གཞི་རྣམ་གྲངས23བཟོ་བཅོས་རྒྱག་པའི་སྣེ་ཁྲིད་པའམ་ཡང་ན་དེའི་ནང་ཞུགས་ནས། རྒྱལ་ནང་གི་ལི་མའེ་རིགས་ཀྱི་ཚད་ལེན་ཚོད་ལྟའི་ལས་རིགས་ཀྱི་ཚད་གཞི་དང་པོ་དང་། 《ནོར་གཡག་གི་ཤ་སྐམ》གྱི་རྒྱལ་ཁབ་ཚད་གཞི་བཟོས་ཏེ། ས་མཐོའི་འདེབས་གསོ་ཉམས་མྱོང་དེ་རྒྱལ་ཡོངས་ཀྱི་ཐུན་མོང་དུ་སྤྱོད་པའི་ཚད་གཞི་རུ་བསྒྱུར་ཡོད། 《སྒོ་ཕྱུགས་དང་ཁྱིམ་བྱའི་ཤའི་སྤུས་ཚད་རིམ་དབྱེ་ནོར་གནག་ཤ》དང་《འཕང་འབྲས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཚོད་འཛིན་ལག་རྩལ་ཚད་གཞི》སོགས་ལས་རིགས་ཀྱི་ཚད་གཞི་བཟོ་བའི་ནང་དུས་གཅིག་ཏུ་ཞུགས་ནས། ཞིང་ཕྱུགས་ཐོན་རྫས་ཀྱི་རིམ་དབྱེ་རིན་གོང་གཏན་འཁེལ་མ་ལག་སྔར་ལས་འཐུས་ཚང་དུ་བཏང་། དུས་མཚུངས་སུ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་ཚོད་ལྟ་བཀོད་སྒྲིག་བྱས་ནས། ཟི་ལིང་གི་འབྲི་ཏ་ས་འཛིན་དང་སོ་མ་ར་ཙའི་རིག་ནུས་འདེབས་འཛུགས་སོགས་རྣམ་གྲངས་རྒྱལ་ཁབ་རིམ་པའི་ཚོད་ལྟའི་ཁྲོད་བདམས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།