ཟླ8པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་འབྱོར་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་མཐོར་འདེགས་གཏོང་བའི་འགུལ་སྐྱོད་འཆར་གཞི(2026-2030ལོ)》དཔར་འགྲམ་བྱས་ཤིང་། ཕྱོགས་ཡོངས་ནས་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱིས་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་མཐོར་འདེགས་གཏོང་བའི་ཆེད་དོན་འགུལ་སྐྱོད་བཀོད་སྒྲིག་བྱས། གསལ་བོར་གཏན་ཁེལ་བྱས་ཏེ2030ལོར་སླེབས་དུས། བདེ་ཐང་ནི་སྲིད་ཇུས་ཡོངས་དང་འདྲེས་པའི་སྒྲིག་སྲོལ་ལམ་ལུགས་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས། བདེ་ཐང་ལ་ཕན་པ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་རྣམ་པ། འཚོ་བ་རོལ་སྟངས་འགྲུབ་པར་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་བདེ་ཐང་ཉེན་ཁའི་རྒྱུ་རྐྱེན་ཚོད་འཛིན་བྱས་ཏེ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་བཏང་ནས། ཞིང་ཆེན་ཡོངས་ཀྱི་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ76.8ལ་སླེབས་རྒྱུ་རེད།
《འགུལ་སྐྱོད་འཆར་གཞི》དེ་མཚོ་སྔོན་མཐོ་སྒང་གི་ས་ཁོངས་ཀྱི་ཁྱད་ཆོས་ལ་རྐང་ཚུགས་ནས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཙོ་གནད་ལ་དམིགས་གཏད་བྱས་ཤིང་། སྦྲུམ་མའི་འཆི་ཚད་དང་། སྡོད་དམངས་བདེ་ཐང་བྱང་ཚད་ཆུ་ཚད་སོགས་གྲངས་འགྱུར་དམིགས་འབེན་ལྟེ་བར་བཟུང་སྟེ། ཁྱབ་ཁོངས་ཆེན་པོ་ལྔ་ནས་བྱེ་བྲག་སྒྲུབ་ཐབས་བཅོ་བརྒྱད་དུ་ཞིབ་ཕྲར་བཏང་བ་དང་། དེ་རུ་ནད་ལྕི་མོ་དང་དལ་བའི་ནད་ཀྱི་ཕྱོགས་བསྡུས་འགོག་སྲུང་འདུ་ཞིང་། མཐོ་སྒང་ས་ཁུལ་གྱི་དལ་བའི་ནད་ཚད་ལྡན་ཅན་དུ་དོ་དམ་བྱེད་པར་སྐུལ་སྤེལ་བྱས་ནས། ཨེ་ཙིའི་ནད་དང་། བྱི་རིམས་སོགས་འགོ་ནད་དང་ཐུམ་འབུའི་ནད་སོགས་ས་གནས་ནད་དམ་ནད་མང་པོ་མཉམ་འགོག་བྱེད་པ་ཇེ་དྲག་ཏུ་བཏང་སྟེ། ཛ་དྲག་རང་བཞིན་གྱི་མཐོ་སྒང་ནད་སྐྱོབ་བཅོས་བྱེད་པའི་དྲ་རྒྱ་འཐུས་ཚང་དུ་བཏང་ནས། མཐོ་སྒང་གསོ་རིག་ཚན་ཞིབ་ཀྱི་འགག་སྒྲོལ་ཟབ་སྤེལ་བྱ་རྒྱུ་རེད། བདེ་ཐང་འདེགས་སྐྱོར་མ་ལག་སྲ་བརྟན་དུ་བཏང་ནས། མྱུར་མཁོའི་སྨན་བཅོས་འཇོན་མི་ཁ་གསབ་བྱས་ཏེ། དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་སྟེགས་བུ་རིམ་སྤར་བྱེད་པ་དང་། རིམ་པ་མང་པོའི་སྨན་བཅོས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ། བདེ་ཐང་གི་འཚོ་བ་རོལ་སྟངས་ཁྱབ་སྤེལ་བྱ་རྒྱུ་རེད། གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་དང་། རྫོང་ཁོངས་སྨན་བཅོས་གཅིག་གྱུར་མ་ལག་ཇེ་དྲག་ཏུ་བཏང་ནས། མཚོ་སྔོན་ལྷོ་རྒྱུད་རོགས་སྐྱོར་སྨན་བཅོས་སོགས་རོགས་སྐྱོར་ལམ་ལུགས་ཟབ་སྤེལ་བྱས་ཤིང་། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དར་སྤེལ་བཏང་ནས། མ་བུ་བདེ་འཇགས་འགོག་སྲུང་དྲ་བ་སྲ་བསྐྲུན་བྱ་རྒྱུ་རེད། བདེ་ཐང་སྐྱིད་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་ཞིང་། བདེ་ཐང་ཕྲ་ཕུང་འཛུགས་པ་ཟབ་སྤེལ་བྱེད་པ་དང་། རྒྱུན་ཆད་མེད་པར་མཁའ་དབུགས་དང་། འཐུང་ཆུ། ས་གཤིས་སྤུས་ཚད་བཅས་ལེགས་བཅོས་བྱས་ནས། སྦྲེལ་ཐག་ཡོངས་ཀྱི་ཟས་རིགས་བདེ་འཇགས་ལྟ་བཤེར་དོ་དམ་འཐུས་ཚང་དུ་གཏོང་རྒྱུ་རེད། གནད་ལ་ཁེལ་བའི་སྒོ་ནས་བློ་ཡིད་ལས་འདས་པའི་གནོད་པ་འགོག་སྲུང་བྱས་ནས། སྡེ་ཁག་མང་པོ་མཉམ་འགུལ་ཐེ་གཏོགས་བྱེད་པའི་ལམ་ལུགས་བཙུགས་ཤིང་། བདེ་འཇགས་ཤེས་བྱ་ཁྱབ་སྤེལ་བཏང་ནས། འཕྲལ་བསྟུན་མྱུར་སྐྱོབ་ནུས་པ་མཐོར་འདེགས་བཏང་སྟེ། ཚད་ཆེ་བའི་སྒོ་ནས་རྒྱུན་ལྡན་མིན་པར་ཤི་བའི་ཚད་ཇེ་ཉུང་དུ་གཏོང་རྒྱུ་རེད།
《འགུལ་སྐྱོད་འཆར་གཞི》ཡིས་ཕྱོགས་མང་པོས་རོགས་སྒྲུབ་སྐུལ་སྤེལ་བྱེད་པའི་ལམ་ལུགས་གསལ་བོར་བཏང་ཞིང་། ས་གནས་སོ་སོས་གཙོ་བོའི་འགན་ཁུར་དོན་འཁྱོལ་བྱས་ཏེ། ས་གནས་ཀྱི་དངོས་ཡོད་ཞིབ་ཕྲའི་ཆ་སྒྲིག་བྱེད་ཐབས་དང་མཉམ་སྦྱོར་བྱས་ནས། བརྟན་པོའི་ངང་ཞིང་ཆེན་ཡོངས་ཀྱི་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་མཐོར་འདེགས་བཏང་སྟེ། རྒྱུན་ཆད་མེད་པར་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྤུས་འདེགས་ཕྱོད་ཆེ་ལ་སྐུལ་འདེད་བཏང་།