ཟླ8པའི་ཚེས11ཉིན་ནས་ཚེས13ཉིན་བར་དུ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་གྱི་ཆེད་དོན་འདྲི་རྩད་དང་དེ་བཞིན་འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་སྐོར་ནས་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་མཚོ་ནུབ་ཁུལ་དབང་པོ་སྐྱོན་ཅན་བདེ་ཐང་སླར་གསོའི་ལྟེ་གནས་དང་། གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་ཧོ་ཐོའུ་ཐ་ལ་ཁྲིམས་ར། ཧོ་ཐོའུ་ཐ་ལ་གྲོང་རྡལ་མི་དམངས་སྲིད་གཞུང་། ན་གོར་མོ་གྲོང་ཁྱེར་ཁུ་ནུ་ལམ་ཁྲོམ་གཞུང་ཚྭ་མཚོ་སྡེ་ཁུལ་སོགས་སུ་སོང་ནས། “ཁ་གསབ་ཁག་གཉིས”སྤྲོད་པ་དང་གེགས་མེད་ཁོར་ཡུག་འཛུགས་སྐྲུན། བུད་མེད་ཀྱི་ཁེ་དབང་འགན་ལེན་སོགས་ལས་དོན་སྤེལ་ཚུལ་ལ་ལྟ་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་དང་གེགས་མེད་ཁོར་ཡུག་འཛུགས་སྐྲུན། དེ་བཞིན་བུད་མེད་ཀྱི་ཁེ་དབང་འགན་ལེན་ལས་དོན་བཅས་ཀྱི་ཐད་བླང་བྱ་བཏོན་ནས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་སྣེ་ཁྲིད་དེ་ཆེད་དོན་འདྲི་རྩད་དང་ཁྲིམས་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། དམངས་ཆེན་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་ཐུབ་པར་འགན་ལེན་བྱས་ཏེ། ཏང་གི་འདོད་ཚུལ་དེ་ཁྲིམས་བཅད་ལས་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདོད་འདུན་དུ་འགྱུར་བར་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། དབང་པོ་སྐྱོན་ཅན་དང་བུད་མེད་སོགས་སྤྱི་ཚོགས་ཚོགས་སྤྱིའི་དཀའ་ངལ་དང་རེ་སྒུག་ལ་དོ་སྣང་ཆེན་པོ་བྱེད་པ་དང་། མང་ཚོགས་ཀྱི་འབོད་སྒྲ་བརྡ་རྟགས་དང་པོར་བརྩིས་ནས། ཁྲིམས་འཛུགས་སྔར་ལས་འབྲེལ་མཐུད་དང་སྔར་ལས་དྲོད་ཚད་ལྡན་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་ཐོབ་ཚོར་ཆེ་རུ་གཏོང་དགོས། ཁྲིམས་ལྟར་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཚད་གཞི་ནན་མོ། ལག་བསྟར་ཁྲོད་ཀྱི་འགག་གནད་དང་ཞན་ཆ་གཅིག་སྡུད་བཅས་བྱས་ཏེ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་ལས་དོན་ཁྲོད་ཀྱི་དཀའ་གནད་སེལ་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་བྱེད་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས་གནས་ཚུལ་དངོས་ལ་ལྟ་ཞིབ་དང་བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱ་རྒྱུའི་ཐད་ནུས་ཤུགས་བཏོན་ནས། ཁྲིམས་བཅད་ལས་རིམ་གཞིར་བཟུང་སྟེ། 《མཚོ་སྔོན་ཞིང་ཆེན་གྱི་གེགས་མེད་ཁོར་ཡུག་འཛུགས་སྐྲུན་སྲོལ་ཡིག》དང་། 《མཚོ་སྔོན་ཞིང་ཆེན་གྱི་བུད་མེད་ཁེ་དབང་འགན་ལེན་སྲོལ་ཡིག》གི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བཏང་ནས། རྟོག་ཞིབ་བྱས་འབྲས་དེ་དུས་ཐོག་ཏུ་ཞིབ་ཕྲའི་བཅའ་ཁྲིམས་དོན་ཚན་དུ་བསྒྱུར་དགོས།