《མཚོ་སྔོན་ཞིང་ཆེན་རྒྱལ་དམངས་བདེ་ཐང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་བ》འགྲེམ་སྤེལ་བྱས་ཏེ། རང་ཞིང་གི་རྒྱལ་དམངས་བདེ་ཐང་དང་བདེ་སྣང་གི་འཆར་འགོད་གསར་བ་བྲིས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་བ་འགོ་བརྩམས་པའི་ཕྲེང་བསྟར་བརྗོད་དོན་བྱ་འགུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་རྒྱལ་དམངས་བདེ་ཐང་ཆེད་དོན་ཚོགས་འདུ་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་པོའི་མཚོ་སྔོན་སྨན་ཁང་དུ་སྤེལ་བ་དང་། 《མཚོ་སྔོན་ཞིང་ཆེན་རྒྱལ་དམངས་བདེ་ཐང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་བ》ཕྱོགས་ཡོངས་ནས་འགྲེལ་བཤད་བྱས།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་རིན་ཡན་མིང་གིས་ངོ་སྤྲོད་བྱེད་རྒྱུར། འཆར་འགོད་ཧྲིལ་བོའི་ཁྲོད་བདེ་ཐང་འཚོ་བ་དང་བདེ་ཐང་ཞབས་ཞུ། བདེ་ཐང་ཁོར་ཡུག བདེ་ཐང་འགན་སྲུང་། བདེ་ཐང་ཐོན་ལས་བཅས་ཕྱོགས་མཐའ་ཀུན་གྱི་འཕེལ་རྒྱས་མ་ལག་ཚུད་ཡོད་ལ། ལྟེ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ཁག21གསལ་བོར་བསྟན་ནས། མིའི་ཆ་སྙོམས་ཚེ་ཚད་བརྟན་བརླིང་ངང་གོང་འཕེལ་འགྲོ་བར་དམིགས་ཡོད་པ་དང་། དེས་རང་ཞིང་གི་བདེ་ཐང་འཕྲོད་བསྟེན་ལས་དོན་གཞི་ཁྱོན་གྱི་རྒྱ་བསྐྱེད་ནས་སྤུས་ནུས་ཀྱི་མཆོངས་འཕར་དང་། ནད་གཙོ་བོར་འཛིན་པ་ནས་བདེ་ཐང་སྔོན་ལ་འཇོག་པ། ཕྱོགས་རྐྱང་ཐོལ་བརྒལ་ནས་ཁྱོན་ཡོངས་གཅིག་བསྡུས་བཅས་ཀྱི་འཕེལ་རྒྱས་ཀྱི་རིམ་གསར་བར་གོམ་པ་སྤོས་ཡོད།

འཆར་འགོད་ལས་གསལ་བོར་བསྟན་དོན། 2030ལོའི་བར་དུ་དམངས་ཡོངས་ལ་ཁྱབ་པ་དང་ས་ཁུལ་ཡོངས་སུ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། རིམས་ནད་ཚབས་ཆེན་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་ནུས་ལྡན་ངང་མཐོ་རུ་གཏོང་བ། མཐོ་སྒང་གསོ་རིག་ཞིབ་འཇུག་དང་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཆེན་པོ་བསྐྲུན་པར་གྲུབ་འབྲས་གལ་ཆེན་ལེན་པ། ཀྲུང་ལུགས་སྨན་རྫས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་དོན་དངོས་རང་བཞིན་གྱི་ཡར་རྒྱས་འབྱུང་བ། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཐད་ཀྱི་མྱོང་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་བ་བཅས་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས།

གོང་གསལ་གྱི་སྤྱིའི་དམིགས་འབེན་དེ་དག་གཞིར་བཟུང་སྟེ། རེན་ཡན་མིང་གིས་གཞི་གྲངས་མང་པོ་སྤྱད་དེ་འགྲེལ་བཤད་ཞིབ་ཕྲ་བྱས། རང་ཞིང་གི"ལོ་ལྔ་ཚན་བཅོ་ལྔ་པའི"བདེ་ཐང་འཆར་གཞི་ལས་གསལ་བ་ལྟར་ན། 2030ལོར་ཞིང་ཆེན་ཧྲིལ་པོའི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་བདུན་ཅུ་དོན་དྲུག་ཚེག་བརྒྱད་ཟིན་དགོས་པ་དང་། ད་ལྟའི་ཆུ་ཚད་ལས་ལོ་གཅིག་ཚེག་ལྔ་ཡིས་མཐོ་བ་དགོས། འདི་ནི་དམངས་འཚོའི་ཚད་གཞི་གཙོ་བོ་ཞིག་ཡིན་ལ། མཐོ་སྒང་ནད་རིགས་སྔོན་འགོག་ཚོད་འཛིན་བྱེད་པ་དང་། བདེ་ཐང་ཞབས་ཞུ་སྤུས་ཚད་མཐོར་འདེགས་གཏོང་བ། འཚོ་བའི་གོམས་གཤིས་ལེགས་བཅོས་བྱེད་པ། ཁོར་ཡུག་བཟང་པོ་བསྐྲུན་པ་སོགས་ཕྱོགས་མང་པོར་འབྲེལ་བ་ཡོད་ཅིང་། མི་རིགས་ཁག་གི་མང་ཚོགས་ཚང་མར་ཕན་ཐོགས་དངོས་ཐོབ་པའི་དམངས་འཚོའི་ཁེ་ཕན་གསར་པ་ཞིག་ཀྱང་རེད།

སྟོང་ཆའི་བཞི་ཚེག་ལྔ་དང་། སྟོང་ཆའི་ལྔ་ཚེག་ཐིག  འབུམ་ཆའི་བཅུ་བཞི་བཅས་ནི། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་སུ་རང་ཞིང་གི་ཕྲུ་གུ་དམར་འབྱར་ཤི་ཚད་དང་། ལོ་ན་ལྔ་མན་གྱི་བྱིས་པ་ཤི་ཚད། སྦྲུམ་མ་ཤི་བ་བཅས་ཀྱི་བཀག་སྡོམ་དམིགས་ཚད་ཡིན། རང་ཞིང་གིས་མ་བུ་བདེ་སྲུང་ལས་དོན་ལག་བསྟར་ཤུགས་ཆེན་བྱེད་པ་དང་། མངལ་ཆགས་སྔ་དུས་ནས་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྐྱེ་འཕེལ་སྐྱོན་ཆ་ཐོན་ཚད་ཉུང་དུ་གཏོང་བ་དང་ཆབས་ཅིག སྦྲུམ་མ་དང་ཕྲུ་གུའི་འཆི་ཚད་མུ་མཐུད་ཇེ་དམའ་རུ་གཏོང་དགོས།

བརྒྱ་ཆ་བཅོ་ལྔ། འདི་ནི2030ལོར་རང་ཞིང་གི་ནད་གཞི་ལྕི་མོ་ཕོག་མཁན་ན་གཞོན་འཆི་བ་འགོག་པའི་དམིགས་ཚད་ཡིན། རང་ཞིང་གིས་ནད་གཞི་གཅོང་པོ་སྔོན་འགོག སྨན་བཅོས། སླར་གསོ། དོ་དམ་བཅས་ཕྱོགས་ཡོངས་ནས་སྦྲེལ་མཐུད་ཐུབ་པའི་ཞབས་ཞུའི་མ་ལག་འཐུས་ཚང་བཙུགས་ཏེ། རང་ལོ་སུམ་ཅུ་ནས་བདུན་ཅུའི་བར་གྱི་མི་ཚོགས་ཁྲོད་ནད་གཞི་ལྕི་མོ་ཕོག་པ་རྣམས་སྔ་དུས་ནས་འཆི་བ་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས།

བརྒྱ་ཆའི་སོ་ལྔ། འདི་ནི2030ལོར་རང་ཞིང་གི་སྡོད་དམངས་ཀྱིས་བདེ་ཐང་ཤེས་བྱའི་ཆུ་ཚད་ཀྱི་འཆར་གཞི་ཡིན། རང་ཞིང་གིས་བདེ་ཐང་མཚོ་སྔོན་ཞེས་པའི་འགུལ་སྐྱོད་གཏིང་ཟབ་སྤེལ་བ་དང་། མི་སྒེར་རེ་རེ་རང་ཉིད་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་མཁན་དང་པོ་ཡིན་པའི་འགན་འཁྲི་འཁུར་དུ་བཅུག་ནས་སྤྱི་དམངས་ཡོངས་རྫོགས་ཀྱི་ལུས་སྟོབས་རྒྱས་ཐབས་བྱ་དགོས།

དེ་དང་མཉམ་དུ། རང་ཞིང་གིས་རྒྱུན་མཐུད་ངང་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ལ་བསྒྱུར་བཅོས་གཏོང་བར་སྐུལ་འདེད་བཏང་སྟེ། སྨན་པ་དང་སྨན་ཁང་། སྨན་རྫས་གསུམ་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་པ་དང་། གཞི་རིམ་གྱི་སྨན་བཅོས་སྟོབས་ཤུགས་སྲ་བརྟན་དུ་གཏོང་བའི་ལས་གཞི་ལག་བསྟར་བྱེད་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་གཤམ་སྤྲོད་རྒྱུན་རྣམ་ཅན་དུ་འགྱུར་བར་འབད་བརྩོན་ལྷོད་མེད་བྱ་དགོས། རྒན་པ་དང་བྱིས་པའི་ཞབས་འདེགས་ཞུ་སྟངས་ཇེ་ལེགས་སུ་གཏོང་བ་དང་། བུ་ཕྲུག་བཙའ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། གྲངས་འཛིན་ལག་རྩལ་གྱིས་ནུས་ཤུགས་སྤྲད་དེ། མིས་བཟོས་རིག་ནུས་དང་གྲངས་གཞི་ཆེན་མོ་བེད་སྤྱོད་གང་ལེགས་བྱས་ཏེ་ནད་པ་བརྟག་དཔྱད་དང་སྤྱི་པའི་འཕྲོད་བསྟེན་ལྟ་སྐུལ་ཚོད་འཛིན་གྱི་གོ་རིམ་སོ་སོ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་གོང་འཕེལ་གཏོང་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།