ལུའོ་ཏུང་ཁྲོན་གྱིས་ཐུང་ཅི་སློབ་ཆེན་གྱི་འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་གི་དགེ་རྒན་ཆེན་མོ་དབྱང་ཀུའེ་ཆིང་སོགས་ལས་ཐུགས་འཕྲད་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས13ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཐུང་ཅི་སློབ་ཆེན་གྱི་འཛུགས་སྐྲུན་དང་གྲོང་ཁྱེར་འཆར་འགོད་སློབ་གླིང་གི་དགེ་རྒན་ཆེན་མོ་དབྱང་ཀུའེ་ཆིང་སོགས་ལ་ཐུགས་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་དབྱང་ཀུའེ་ཆིང་སོགས་ལ་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་སྲོལ་རྒྱུན་སྡེ་བའི་གྲངས་འབོར་མང་བ། གྲོང་གསེབ་འཛུགས་སྐྲུན་གྱི་ཁྱད་ཆོས་འབུར་ཐོན་ཡིན་པས་འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཅང་ཆེ་བ་དང་བར་སྟོང་རྒྱ་ཆེན་པོ་ཡོད། དེང་སྐབས། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་བརྩིས་ནས། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་སྟེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། དགེ་རྒན་ཆེན་མོ་དབྱང་ཀུའེ་ཆིང་གི་ཚོགས་པ་དང་ཐུང་ཅི་སློབ་ཆེན་དང་འབྲེལ་གཏུག་མཉམ་ལས་བྱ་རྒྱུར་མུ་མཐུད་དུ་ཤུགས་བསྣན་ནས། རིག་གནས་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་རིག་གནས་གསོན་འགྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་སྡེ་བ་སྐས་རིམ་བཞིན་སྐྱེད་སྲིང་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། ས་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་བསྣན་ཏེ། མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་བཏང་ནས། རོང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་རྒྱུར་རོགས་རམ་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གནས་སྡོད་དང་ལས་རིགས་ལ་འཚམ་པ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དཔེ་སྟོན་ཚད་ཤིང་གཏོད་དགོས།

དབྱང་ཀུའེ་ཆིང་གིས་ཞིབ་འཇུག་ཁྱབ་ཁོངས་དང་རྟོག་ཞིབ་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། ཐུང་ཅི་སློབ་ཆེན་གྱི་འཛུགས་སྐྲུན་ཆེད་ལས་ཀྱི་སྣེ་ཁྲིད་དགེ་མཚན་འདོན་སྤེལ་ཧུར་ཐག་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འགོད་དང་། མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཁྲེང་ཅི་ཝའེ་ཐུགས་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།