ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས13ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། “དགུ་ལྔའི”ཁྲིམས་ཁྱབ་དང་། ནག་འཇོམས་ངན་སེལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྣམ་པ་གསར་པའི་བཟོ་ལས་ཅན་དང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆེད་དོན་འཆར་འགོད་དང་། ནོར་སྲིད་དཔྱད་འཇོག རྩིས་བཤེར་དག་ཐེར། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་དོ་དམ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུའི་ཐོག《ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ་ཡི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བའི་སྐོར་གྱི་ལོ་ལྔའི་འཆར་འགོད་དགུ་པའི (2026-2030) 》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དགུ་ལྔའི”ཁྲིམས་ཁྱབ་ཀྱི་སྤྱིའི་བླང་བྱ་དང་གཙོ་གནད་ལས་འགན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་རིམ་པ་སོ་སོར་འདྲེས་པར་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་ལས་དོན་སྒྲུབ་པའི་ནུས་པ་དང་ཆུ་ཚད། མང་ཚོགས་ཀྱི་ཁྲིམས་སྐྱོང་བྱང་ཚད་བཅས་མུ་མཐུད་དུ་མཐོ་རུ་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་འཇོམས་ངན་སེལ་འཐབ་རྩོད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིངཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མཐོ་གནོན་ཟིལ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། ཤུགས་ཀྱིས་རྡུང་བ་དང་བྱུང་མ་ཐག་རྡུང་རྡེག་གཏོང་བ་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱིས་སེམས་གཏིང་ནས་འཁོན་འཛིན་བྱེད་པའི་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་གནད་དོན་ཁག་ཅིག་གཅིག་བསྡུས་སྒོས་ཐག་གཅོད་བྱེད་པ་དང་། ངན་ནག་གི་ཉེས་གསོག་གྱོད་གཞིའི་རྒྱབ་ཀྱི་རུལ་སུངས་གནད་དོན་དང“སྲུང་གདུགས”གཏིང་ཟབ་མོས་སྔོག་པ་དང་ཞིབ་བཤེར་མཐིལ་ཕྱིན་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱི་རྣམ་པ་གསར་པའི་བཟོ་ལས་ཅན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》དང་། 《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་། རྣམ་པ་གསར་པའི་བཟོ་ལས་ཅན་གཙོ་གནད་དུ་བཟུང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་དང་མཁོ་སྤྲོད་མུ་ཕྲེང་གི་བདེ་འཇགས་མཉེན་གཤིས་མཐོ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ས་གནས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བཅས་བྱ་དགོས། “1+2+N”གྱི་ལྗང་མདོག་རྩིས་ནུས་རྟེན་གཞིའི་འཕེལ་རྒྱས་བཀོད་པ་གཏན་འཁེལ་བྱས་ནས། “ལྗང་མདོག་གློག་ལྗང་མདོག་རྩིས་ནུས་ཐད་མཁོ་འདོན་བྱེད་པ་དང་། ལྗང་མདོག་རྩིས་ནུས་ཀྱིས་ལྗང་མདོག་གློག་ལ་སྐུལ་འདེད་གཏོང་བའི”འཕེལ་རྒྱས་རྣམ་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། ཚད་གཞི་མཐོན་པོའི་སྒོ་ནས་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནོར་སྲིད་ཀྱི་གདེང་འཇོག་བྱས་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་དོ་དམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྔོན་རྩིས་ཀྱི་གཅུན་སྡོམ་དང་ཕན་འབྲས་དོ་དམ་ནན་མོ་བྱེད་པ། ནོར་སྲིད་མ་དངུལ་གྱི་མུ་ཕྲེང་ཡོངས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རྩིས་བཤེར་དག་ཐེར་བྱ་བའི་འགན་འཁྲི་གཟབ་ནན་དུ་བཏང་ནས། དངོས་གནས་དྲང་གནས་ཀྱི་དག་ཐེར་ཕན་འབྲས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས། གཏོང་ཡོང་ལ་ལྟ་སྐུལ་ཚོད་འཛིན་དང་ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།