ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “མཚོ་ཕག་དཀར་པོའི”འཁོར་རྒྱུག་ལྷག་རོའི་ཤུགས་རྐྱེན་ཐེབས་པའི་དབང་གིས། རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་ཆར་པ་དྲག་པོ་བབས་པ་དང་། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁ་གཏད་ཧུར་ཐག་གཅོག་གིན་ཡོད།
བསྟུད་མར་ཉིན་འགའི་རིང་། ཧོ་ནན་གྱི་ས་ཆ་མང་པོར་རྒྱུན་མཐུད་རང་བཞིན་གྱི་དྲག་ཆར་བབས་པ་དང་། ལུའོ་དབྱང་དང་ཀྲེན་ཀྲོའུ། ནན་དབྱང་། ཞུས་ཁྲང་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་བབས་པ་རེད། དེ་རིང(ཟླ8པའི་ཚེས12ཉིན)ཞོགས་པར་ཧོ་ནན་ཞུས་ཁྲང་ཡུས་ཀྲོའུ་གྲོང་ཁྱེར་ཀྲེང་ཝན་གྲོང་ཚོར་གློ་བུར་དུ་ཆུ་ལོག་བྱུང་ནས་ཡུལ་མི་ཞིག་ཆུ་ལོག་གིས་འཁྱེར་བ་དང་། བྲེལ་འཚུབ་ཆེན་པོའི་འོག་ཤིང་སྡོང་ཆེན་པོ་ཞིག་ལ་འཐམ་ནས་ཉེན་གཡོལ་བྱས། རོགས་སྐྱོབ་མི་སྣས་བདེ་འཇགས་ཐག་པ་ལ་བརྟེན་ནས་ཉེན་ཁར་མ་འཛེམས་པར་ཁོ་བདེ་བླག་ངང་བསྐྱབས་པ་རེད།
རྒྱུན་མཐུད་ངང་དྲག་ཆར་བབས་པའི་ཤུགས་རྐྱེན་ཕོག་པའི་དབང་གིས། ཧུའུ་པེའི་ཞང་དབྱང་གི་གྲོང་ཁུལ་རྫོང་ཁག་གཅིག་ཏུ་ཆུ་མཛོད་གྱི་ཆུ་ངོས་ཚད་བཀག་ལས་བརྒལ་བའི་ཆུ་གནས་དང་། བགྲོད་ལམ་གཏོར་བརླག ཁང་པ་ཆུས་ནུབ་པ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ཐོན་ནས་ས་གནས་དེ་གར་ཆུ་མཛོད་ཀྱི་ཆུ་རགས་སྲ་བཟོ་དང་ཉེན་ཁའི་ས་ཁོངས་ཀྱི་མང་ཚོགས་གནས་སྤོ་སོགས་ཀྱི་ལས་དོན་ཁག་མགྱོགས་མྱུར་སྒོས་སྤེལ་བ་རེད། དེ་རིང་ཕྱི་དྲོའི་ཆུ་ཚོད3པའི་བར། ཞང་དབྱང་གྲོང་ཁྱེར་དུ་བསྡོམས་པས་མི14100ལྷག་གནས་སྤོ་དང་ཕྱིར་འཐེན་བྱས།
ཁ་སང་ཕྱི་དྲོ་ནས་བཟུང་། པེ་ཅིན་དུ་ཆར་པ་འབབ་མགོ་ཚུགས་པ་དང་། མིག་སྔར་གྲོང་ཁྱེར་ཡོངས་སུ་སྔར་བཞིན་དྲག་ཆར་གྱི་ལི་མདོག་སྔོན་ཚུད་ཉེན་བརྡ་དུ་བཏང་ཡོད། དེ་རིང་ཕྱི་དྲོའི་ཆུ་ཚོད3པའི་བར། པེ་ཅིང་ཆུ་འབུད་སྡེ་ཚན་གྱི་རིམ་རྩིས་བྱས་ན་མི་སྣ2600ལྷག་ལས་རེས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་གྱི་འཁོར་སྐྱོད་བདེ་འཇགས་འགན་ལེན་བྱས་པ་དང་འབྲེལ་ས་བབ་ཅུང་མཐོ་བའི་བགྲོད་ལམ77ཛ་དྲག་ཉེན་གཡོལ་གྱི་རླངས་འཁོར་འཇོག་སའི་ཁུལ་དུ་བརྩིས་ནས་གྲོང་མིར་སྒོ་ཕྱེས་ཡོད།
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། མ་འོངས་པའི་ཉིན3ནང་། བྱང་ཤར་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་བར་གྱི་ས་ཆ་མང་པོར་དྲག་ཆར་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁག་གཅིག་ཏུ་ཆར་པ་འབབ་ཚད་ཧའོ་སྨི500ཡན་ཆད་ཟིན་རྒྱུ་ཡིན་པ་དང་། མང་ཚོགས་ཀྱིས་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་ལ་དུས་ཐོག་ཏུ་མཉམ་འཇོག་བྱེད་དགོས། །