མདོ་ལ་རི་བོའི་ལོ་བཅུའི་རིང་གི་འགྱུར་ལྡོག་གིས་ཕྱོགས་ཁག་སོ་སོའི་ལྗང་མདོག་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྩལ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། སྐབས་དགུ་པའི“ཀན་སུའུ·མདོ་ལ་རི་བོའི་གླེང་སྟེགས”ལན་ཀྲོའུ་རུ་འཚོགས་པ་རེད།  སྐབས་འདིའི་གླེང་སྟེགས་ཀྱིས“རིག་ནུས་སྐུལ་འདེད་དང་། ལྗང་མདོག་མཉམ་འདྲེས་ཏེ མདོ་ལ་རི་བོའི་ལོ་ངོ་བཅུའི་འགྱུར་ལྡོག”བརྗོད་དོན་གཙོ་བོར་བྱས་ཤིང་།  འབྲེལ་ཡོད་མི་སྣ་དང་ཆེད་མཁས་པ་དང་མཁས་དབང་ཚོས་མདོ་ལ་རི་བོ་དེ“ཟང་ཟིང་ནས་བཅོས་སྐྱོང”ནས“བཅོས་སྐྱོང་ནས་མཛེས་སྡུག”གི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་ལོ་ངོ་བཅུའི་འགྱུར་ལྡོག་སྐོར་གླེང་མོལ་བྱས་ནས། ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་སྟོབས་ཤུགས་གསོག་འཇོག་བྱས།

ཀན་སུའུ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཝང་ཞུའུ་ཡིས་བསྟན་དོན། ཀན་སུའུ་ཡིས་ལྗང་མདོག་ཕྱོགས་སུ་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས། དེང་རབས་ཅན་གྱི་ལྗང་མདོག་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་ཏེ། “སྐྱེ་ཁམས+”ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྒོས་ལེགས་པར་བསྒྲུབས་ལ།  སྲོལ་རྒྱུན་ཐོན་ལས་ཀྱི་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། སྲོལ་རྒྱུན་ཐོན་ལས་རིག་ནུས་ཅན་གྱི་སྒྱུར་བཀོད་དང་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 

ཞིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་གཞོན་པ་ལིའུ་ཅན་གྱིས་བསྟན་དོན། ཞིན་ཧྭ་གསར་འགྱུར་ཁང་གིས་རྒྱུན་མཐུད་ངང་ཀན་སུའུ་ཡིས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ལ་དམིགས་ཏེ། “ཀན་སུའུ་ཡིས་གསར་སྐྲུན”དང“ཀན་སུའུ་ཡིས་གསར་གཏོད”།“ཀན་སུའུ་ཡིས་ཇུས་འགོད”བཅས་ཀྱི་མ་དཔེ་སྔོག་འདོན་བྱས་ནས། ཆ་འཕྲིན་ལ་ནུས་པ་སྤྲོད་ཤུགས་ཆེ་རུ་བཏང་ནས“ཞིན་ཧྭ་ནོར་སྲིད་དཔལ་འབྱོར”དང“ཞིན་ཧྭ་དར་གོས་ཚོང་ལམ”སོགས་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས། ཀན་སུའུ་ཡིས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། 

ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཡའོ་མིང་ཏེས་བསྟན་དོན། བཟོ་ཚོང་དངུལ་ཁང་གིས་ཚན་རྩལ་དངུལ་རྩ་སྒུལ་ཤུགས་དང་ལྗང་མདོག་དངུལ་རྩ་རྨང་གཞིར་བྱས་ཏེ། རྒྱུན་མཐུད་སྒོས་ལུང་ཡོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་གསོན་ཆུ་སྦྱིན་རྒྱུ་ཡིན།  

གླེང་སྟེགས་སྤེལ་རིང་། ཀྲུང་གོ་དཔལ་འབྱོར་ཆ་འཕྲིན་གསར་འགྱུར་ཁང་གིས《མདོ་ལ་རི་བོའི་ལྗང་མདོག་སྐྱེ་ཁམས་ཐོན་ལས་ཀྱི་ལྟ་ཞིབ་སྙན་ཞུ》ཁྱབ་བསྒྲགས་བྱས་ནས། ཆེད་ལས་རིག་མཛོད་ཚོགས་པའི་ལྟ་ཕྱོགས་ཐོག་ནས་བཅོས་སྐྱོང་གི་ཉམས་མྱོང་ཕྱོགས་སྡོམ་དང་། ཐོན་ལས་ཀྱི་འཕེལ་ཕྱོགས་ཞིབ་གཅོད། འཕེལ་རྒྱས་ཀྱི་ཐབས་ཇུས་བཏོན་པ་རེད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།